དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་གཞིར་བཟུང་ནས་ཉམས་ལྡན་རྒྱན་སློབ་ཁྲིད་བྱ་ཐབས་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

    དང་པོ། ཉམས་ལྡན་རྒྱན་སློབ་ཁྲིད་བྱེད་རིང་འཕྲད་པའི་གནད་དོན།

    སྲོལ་རྒྱུན་གྱི་སྙན་གཞུང་ཁྲིད་ཐབས་ལྟར་ན། དགེ་རྒན་གྱིས་རྒྱན་གྱི་གོ་དོན་དང་རྩ་བའི་དཔེར་བརྗོད་བཀྲལ་ནས་སློབ་ཁྲིད་ལ་འཇུག་ན་ཆོག་པ་ཡིན། འོན་ཀྱང་། བསླབ་གཞི་གསར་པའི་སྒྱུར་བཅོས་ལག་ལེན་བསྟར་ནས་ད་བར་ལོ་མང་པོ་ཕྱིན་ནའང་། དེང་གི་ཉམས་ལྡན་རྒྱན་གྱིས་མཚོན་པའི་བོད་ཀྱི་སྙན་གཞུང་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སྲོལ་རྒྱུན་ལྟར་སྙན་ངག་གི་རྒྱན་ཁག་གི་མཚན་ཉིད་དང་རྩ་བའི་དཔེར་བརྗོད་ཁོ་ན་ཀློག་པའམ། སློབ་མར་བློར་འཛིན་དུ་བཅུག་པ་ལས་སློབ་མས་དཔེར་བརྗོད་བཟོ་བར་སྦྱོང་བརྡར་མི་བྱེད་པ་དང་། བསླབ་གཞི་དང་རྒྱུགས་ཤོག་སྟེང་བཀོད་པའི་དཔེར་བརྗོད་ཁོ་ནར་དབྱེ་ཞིབ་བྱེད་པ་ལས། འཚོ་བའི་ཁྲོད་ཀྱི་བརྗོད་དུམ་དང་སློབ་མའི་ཁམས་དང་མཐུན་པའི་ཚིག་དག་དཔེར་བརྗོད་དུ་དྲངས་ནས་དབྱེ་ཞིབ་མི་བྱེད་པ་མ་ཟད། སློབ་མ་རང་ངོས་ཀྱིས་དཔེར་བརྗོད་མི་བཟོ་བ་སོགས་གཞུང་ལུགས་དང་ལག་ལེན་རྒྱང་དུ་གྱེས་སྟབས། སློབ་མའི་དངོས་ཡོད་ཀྱི་རྩོམ་འབྲིའི་ནུས་པ་དང་། བསམ་གཞིག་གི་ནུས་པ་སོགས་སྐྱེད་སྲིང་བྱེད་པར་ལྷོད་གཡེང་ཤོར་གྱི་ཡོད། དེས་ན། སྙན་གཞུང་སློབ་ཁྲིད་ཁྲོད་སློབ་མས་ཤེས་བྱའི་གཙོ་གནད་ཁག་ཤེས་དགོས་པར་མ་ཟད། གང་དེར་སྦྱོང་འདོད་ཀྱི་སྤྲོ་བ་འཕེལ་བ་དང་བཀོལ་སྤྱོད་ཀྱི་ནུས་པ་ལྡན་པ་བྱེད་རྒྱུ་གལ་ཆེ་བར་མཐོང་།

    གཉིས་པ། ཉམས་ལྡན་རྒྱན་གྱི་སློབ་ཁྲིད་བྱ་ཐབས།

    གཅིག སློབ་ཁྲིད་སྐབས་སྨྱན་ཆས་གསར་པ་འོས་འཚམ་སྤྱོད་དགོས་པ།

    སློབ་ཁྲིད་སྨྱན་ཆས་བཀོལ་ནས་སློབ་ཁྲིད་ལ་ཞུགས་ན། སློབ་ཁང་དང་སློབ་ཁྲིད་ཀྱི་ཁོར་ཡུག་འཁྲུག་ཆ་དོད་དུ་གཏོང་ཐུབ་ལ། སློབ་མའི་ཉན་འདོད་ཀྱི་དང་ག་འཕེལ་ནས་སློབ་ཁྲིད་ཀྱི་ཕན་འབྲས་ཇེ་ཆེར་འགྲོ་ཐུབ། དེ་བས་སློབ་ཁྲིད་སྨྱན་ཆས་བཀོལ་སྤྱོད་འོས་འཚམ་བྱུང་ཚེ། ཚད་ངེས་ཅན་ཞིག་གི་སྟེང་ནས་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་གང་ཅིའི་ཐད་ལ་ཕན་འབྲས་ངེས་ཅན་ཐོན་ངེས། འོན་ཀྱང་། དེང་སྐབས་བོད་ཡིག་དགེ་རྒན་མང་པོ་ཞིག་གིས་སྙན་གཞུང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། སློབ་མའི་སྙན་ངག་མྱོང་རོལ་གྱི་ནུས་པ་གསོ་སྐྱོང་ལ་སྣང་ཆུང་ཤོར་བཞིན་ཡོད། དཔེར་ན། དགེ་རྒན་ལ་ལས་ཉམས་ལྡན་རྒྱན་ལས་རྨད་བྱུང་གི་ཉམས་སློབ་ཁྲིད་བྱེད་སྐབས། སློབ་མར་བསམ་གཞིག་གི་བར་མཐོངས་འདང་ངེས་ཤིག་མ་སྤྲད་པར། “དགའ་ཚལ་ལྗོན་པ་འདི་རྣམས་ཀྱི། །འདབ་མ་གསར་པ་གོས་བཟང་དང་། །མེ་ཏོག་དོ་ཤལ་ལ་སོགས་ཅན། །ཡལ་འདབ་ཁང་པར་གྱུར་པ་མཚར། །”ཞེས་སོགས་དཔེར་བརྗོད་རྣམས་སློབ་མར་ཁྲིད་དུས། ཐད་ཀར་པར་རིས་དང་། བརྙན་དང་། འགུལ་རིས་བཅས་ཇུས་འགོད་བྱས་ཏེ། སློབ་མར་དཔེ་དེབ་ཏུ་ཡོད་པའི“མཛེས་ལྗོངས”མཐོང་དུ་འཇུག་པ་ལྟ་བུའོ། དེར་བརྟེན། སློབ་ཁྲིད་སྨྱན་ཆས་འོས་འཚམ་སྤྱོད་པ་ལས་མང་དྲགས་ན་སློབ་མའི་བསམ་གཞིག་གི་བར་མཐོངས་བསྐྱེད་པར་འགོག་རྐྱེན་བཟོ་ངེས།

    གཉིས། ཚོགས་ཆུང་མཉམ་ལས་ཀྱི་ཐབས་ལམ་འོས་འཚམ་སྤྱད་ནས་སློབ་ཁྲིད་བྱེད་དགོས།

    བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱིས་དགེ་རྒན་དང་སློབ་མའི་འབྲེལ་བ་ནི་སྲོལ་རྒྱུན་སློབ་ཁྲིད་ཁྲོད་ཀྱི་འབྲེལ་བ་དང་མི་འདྲ་བར། དགེ་རྒན་ནི་སྣེ་ཁྲིད་པར་བསྒྱུར་དགོས་ལ། སློབ་མ་ནི་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོར་བསྒྱུར་དགོས་པའི་རེ་བ་བཏོན་ཡོད། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་ཁྲིད་བྱེད་ཐབས་གསར་པ་སྤྱོད་རྒྱུར་དོ་སྣང་བྱས་ཏེ། སློབ་མའི་གཙོ་གཟུགས་ཀྱི་གནས་བབ་མངོན་ཐུབ་པ་དགོས། དེར་བརྟེན། ཚོགས་ཆུང་མཉམ་ལས་ཀྱི་སློབ་སྦྱོང་གི་ཐབས་ཤེས་འོས་འཚམ་སྤྱོད་རྒྱུ་ནི་གདམ་ག་ཡག་པོ་ཞིག་རེད། དཔེར་ན། ཉམས་ལྡན་རྒྱན་བརྒྱད་ཡོངས་སུ་རྫོགས་པ་སློབ་ཁྲིད་ཟིན་རྗེས། དགེ་རྒན་གྱིས“རང་གི་གདོང་ལ་ལྟ་བར། །རྒྱ་ནག་ཤེལ་སྒོ་མི་དགོས། །གཞིས་ཀའི་ནང་གི་ཐུག་པ། །རྒྱ་ནག་ཤེལ་ལས་དྭངས་པ། །”ལྟ་བུའི་དམངས་གཞས་ཀྱི་ཚིག་དང་མགུར་གླུ་སོགས་ནས་དཔེར་བརྗོད་ལྔ་ནས་དྲུག་བར་བཙལ་རྗེས། སློབ་མ་རྣམས་ཚོགས་ཆུང་ལྔ་ནས་དྲུག་བར་བགོས་ཏེ་ཚོགས་ཆུང་རེ་རེར་དཔེར་བརྗོད་གཅིག་ནས་གཉིས་བར་བཟོ་རུ་འཇུག་པ་དང་། ཚོགས་ཆུང་མཉམ་ལས་ཀྱི་ཐོག་ནས་དཔེར་བརྗོད་དག་ལ་དབྱེ་ཞིབ་བྱེད་དུ་འཇུག་དགོས་ལ། དཔེར་བརྗོད་དེ་དག་ཉམས་ལྡན་རྒྱན་གྱི་བྱེ་བྲག་གི་ཉམས་གང་ཡིན་པ་དང་དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་སོགས་ཚོགས་ཆུང་ཕན་ཚུན་བགྲོ་གླེང་བྱེད་དུ་འཇུག་པ་ལྟ་བུའོ།

    གསུམ་པ། སྒྱུ་རྩལ་གྱི་མཚོན་ཐབས་གཞན་འོས་འཚམ་གཡར་ནས་སློབ་ཁྲིད་བྱེད་དགོས།

    གོང་དུ་བཤད་པ་བཞིན་ཉམས་ལྡན་རྒྱན་ནི་རྩོམ་རིག་ཙམ་མ་ཟད། གླུ་དང་གར། རི་མོ་དང་གྱེར་འདོན་སོགས་སྒྱུ་རྩལ་གྱི་རིགས་སྤྱི་ལ་ཁྱབ་པ་ཞིག་ཡིན་པས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་གྱི་སློབ་ཁྲིད་ཇི་བཞིན་སློབ་མར་སློབ་ཚན་ཀློག་འདོན་དང་དགེ་རྒན་གྱི་དྲི་བར་ལན་འདེབས་སུ་འཇུག་པ་ཁོ་ན་མ་ཡིན་པར། ཁྲིད་ཟིན་པའི《བྱ་སྤྲེལ་གཏམ་རྒྱུད》ལ་སོགས་པའི་བརྩམས་སྒྲུང་ལས་གང་རུང་ཞིག་བདམས་ཏེ། སློབ་མར་དེའི་ནང་དོན་འོས་འཚམ་གྱིས་བཅོས་པའམ་རང་སོར་བཞག་ནས་འཁྲབ་སྟོན་བྱེད་དུ་འཇུག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་འབྲེལ་ཡོད་གློག་བརྙན་བལྟ་རུ་བཅུག་ན། གཅིག་ནས་སློབ་མས་སྙན་ངག་གམ་རྩོམ་རིག་གི་ཉམས་བརྒྱད་ཁོ་ན་ཙམ་མ་ཡིན་པར་འཁྲབ་སྟོན་ཁྲོད་ཀྱི་ཉམས་ལྡན་རྒྱན་བརྒྱད་ལ་གོ་བ་གཏིང་ཟབ་ལོན་ཐུབ་ལ། གཉིས་ནས་བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱི་སློབ་གསོའི་དམིགས་ཚད་བཞིན་སློབ་མའི་རྒྱལ་གཅེས་འདུ་ཤེས་སྔར་བས་ཟབ་ཏུ་འགྲོ་བར་ཡང་ཕན་ངེས། དེ་བཞིན། བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱི་བླང་བྱ་བཞིན། གླུ་ལེན་པ་དང་སྙན་ངག་གྱེར་འདོན་བྱེད་པ་སོགས་སློབ་ཚན་དང་ཟུང་འབྲེལ་གྱིས་ཉམས་བརྒྱད་མངོན་ཐུབ་པའི་བྱེད་སྒོ་སྣ་ཚོགས་སྤེལ་ན། སློབ་མ་རྣམས་སློབ་ཁང་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཏེ་སློབ་མས་སྙན་གཞུང་ལ་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སེམས་འཕེལ་བར་ཕན་པ་ཡོད།

    བཞི་པ། སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་གཙོ་བོར་བཟུང་ནས་སློབ་ཁྲིད་བྱེད་དགོས།

    སློབ་མས་ཉམས་ལྡན་རྒྱན་གྱི་རྨང་གཞིའི་ཤེས་བྱ་རྣམས་ཤེས་པ་དང་། དེ་བཞིན་ཉམས་སོ་སོའི་དཔེར་བརྗོད་ལ་ངོས་འཛིན་གང་ལེགས་ཐུབ་རྗེས། ངེས་པར་དུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་སློབ་མའི་སྣོད་དང་བསྟུན་ནས་ཁོང་ཚོའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་དགོས། དེ་ཡང་། རྡོ་དགོན་གསང་བདག་རྡོ་རྗེས། “སེམས་ཀྱི་དགའ་སྡང་ལ་སོགས་འགྱུར་བ་ལས། །ལུས་ཀྱི་རྣམ་འགྱུར་སྣ་ཚོགས་གསལ་བ་ཉམས། །ཞེས་བརྗོད་རྩོམ་རིག་ཀུན་ལ་ཤིན་ཏུ་གཅེས། ། ཉམས་བྲལ་རྩོམ་རིག་རོ་མེད་ཟས་དང་མཚུངས། །”ཞེས་པ་ལྟར། ཉམས་ལྡན་རྒྱན་བརྒྱད་ནི་རྩོམ་རིག་སྤྱི་ལ་ཁྱབ་པ་ཞིག་ཡིན་པས། སློབ་མས་ངེས་པར་དུ་ཉམས་ལྡན་རྒྱན་བརྒྱད་ཀྱི་བྱེ་བྲག་སོ་སོར་དོན་དང་མཐུན་པའི་དཔེར་བརྗོད་རེ་གཉིས་འཇོག་ཤེས་པར་བྱེད་དགོས། གཞན་ཡང་། དགེ་རྒན་གྱིས་བོད་ཡིག་གི་རྩོམ་འབྲིའི་ནུས་པ་ལེགས་པའི་སློབ་མ་རྣམས་ལ་ཉམས་ལྡན་གྱི་རྒྱན་སོ་སོར་གཞུང་དང་མཐུན་པའི་དཔེར་བརྗོད་རེ་གཉིས་འཇོག་པར་སྐུལ་དགོས་ལ། དཔེར་བརྗོད་དག་གི་ལུས་ཀྱང་བསླབ་གཞིའི་དཔེར་བརྗོད་བཞིན་ཚིགས་བཅད་ཁོ་ན་མ་ཡིན་པར་ཚིག་ལྷུག་དང་རང་མོས་སོགས་ཀྱང་སྤྱོད་དུ་འཇུག་དགོས།

    མདོར་ན། བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་བཞིན་སློབ་ཁྲིད་བྱེད་རྒྱུ་ནི་རང་རྒྱལ་གྱི་སློབ་གསོའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེའི་དགོངས་དོན་དག་ངེས་པར་དུ་དེང་རབས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཁྲོད་དུ་མངོན་ཐུབ་པར་བྱེད་དགོས་པ་དང་། སྙན་གཞུང་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱན་གྱི་རྨང་གཞིའི་ཤེས་བྱ་འགའ་བློར་འཛིན་རྒྱུ་དང་དཔེར་བརྗོད་ལ་དབྱེ་ཞིབ་བྱེད་རྒྱུ་ཁོ་ན་མ་ཡིན་པར། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་གཙིགས་སུ་འཛིན་དགོས། དེས་ན། རྒན་ལགས་རྣམ་པས་བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་གཞིར་བཟུང་སྟེ། བོད་སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་ཕོད་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དུས་དང་མི་མཐུན་པའི་ཁྲིད་ཐབས་སྐྱོན་ཅན་རྣམས་ལ་སྒྱུར་བཅོས་བྱེད་ཐུབ་པ་དགོས་སོ། (བོད་ལྗོངས་སློབ་ཆེན་སློབ་མའི་གསར་གཏོད་རྣམ་གྲངས་ཀྱི་དུས་མཚམས་རང་བཞིན་གྱི་དཔྱད་འབྲས་ཡིན། ཆོག་མཆན་ཨང་གྲངས། S202410694001 བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2021ལོའི་བོད་སྐད་ཡིག་དགེ་འོས་འཛིན་གྲྭ་གཉིས་པའི་པ་སངས་ཚུལ་ཁྲིམས་ཀྱིས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།