གཞིས་རྩེ་གྲོང་ཁྱེར་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
གཞི་རིམ་དུ་སྨན་བཅོས་འགན་བཅོལ་ཞབས་ཞུ་ཁྱབ་གདལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ།
ཟླ་7ཚེས་5ཉིན། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཞི་རིམ་དུ་སྨན་བཅོས་འགན་བཅོལ་ཞབས་ཞུ་སྣུར་སྲིང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། སྨན་བཅོས་འགན་བཅོལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་འབྲེལ། གསར་འགོད་པའི་འདྲི་བར་ལན་བཏབ་པ་རེད།
གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ཟླ་3པར་གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་བཙུགས་ནས་འཁོར་སྐྱོད་བྱས་ཚུན། སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཞབས་ཞུའི་མ་ལག་སྐྲུན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཡོད། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞི་དང་ཞབས་ཞུའི་སྐར་ཁུང་19དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང)གི་གཞི་རིམ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ས་ཚིགས་196 སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་350 གྲོང་ཚོའི(གྲོང་ལྷན་དང་སྡེ་ཁུལ)འཕྲོད་བསྟེན་ཁང་361 དངུལ་ཁང་གི་ལས་ཚིགས་3བཅས་སུ་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་མ་ལག་བསྐྲུན་པ་དང་འབྲེལ་སྤྱོད་འགོ་ཚུགས་ནས། སྨན་བཅོས་འགན་སྲུང་ཆ་འཕྲིན་ཚད་ལྡན་ཅན་དང་ཨང་སྒྲིག་ཅན་གྱི་དོ་དམ་ཐུབ་ཡོད། དེ་དང་ཆབས་ཅིག འགན་ནུས་མི་འདྲ་བར་གཞིགས་ནས་དེར་ལས་སྒོའི་དབང་ཚད་ངེས་ཅན་སྤྲད་པས། ལས་སྒོ་མཉམ་སྒྲུབ་དང་། དྲ་ཐོག་འདྲི་རྩད། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་སོགས་ཀྱི་བྱེད་ནུས་དུས་གཅིག་ཏུ་ཐུབ་སྟེ། རྒྱ་ཆེའི་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་སྤུས་ལེགས་དང་། སྟབས་བདེ། ནུས་ཆེ་བཅས་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད་པ་རེད།