དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལ་ཆ་འཕྲིན་ཅན་གྱི་འབྲེལ་ཟམ་བསྐྲུན་པ།

    —— ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྱི་སྐོར་བཀོད་པ། (བར་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-08

    “བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་བོད་ལ་གཟི་བརྗིད་བརྩོན་ལེན་གནང་འདུག” 2023ལོའི་ཟླ་12ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བདམས་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཉི་མ་བཀྲ་ཤིས་དང་བཞུགས་མོལ་གནང་སྟེ། ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    2023ལོའི་ཟླ་11ཚེས་23ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གིས་2023ལོའི་ཡོན་ཧྲི་སྣོན་འདེམས་དང་བདམས་ཐོན་བྱུང་བའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་ཉི་མ་བཀྲ་ཤིས་མིང་ཐོའི་ནང་ཚུད་ཡོད་པ་རེད། དེ་ནི་ཡོན་ཧྲི་རྡོ་རྗེའི་རྗེས་ཀྱི་བོད་ཀྱི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཨང་གཉིས་པ་དེ་རེད།

    2023ལོར་ཡོན་ཧྲིར་བདམས་ཐོན་བྱུང་བའི་ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག་ཉི་མ་བཀྲ་ཤིས་གསར་དུ་བདམས་པའི་ཡོན་ཧྲིའི་འཐུས་མི་ཡིན་པའི་ངོས་ནས་བཤད་སྟེགས་ཐོག་གཏམ་བཤད་གནང་ཞིང་། ཁོང་གིས“ང་ནི་བོད་གསར་པའི་ཉི་འོད་དང་སྦྲང་ཆར་ཟིལ་མའི་འོག་དང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གསོ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན”ཞེས་བརྩེ་སེམས་ཟབ་མོས་བརྗོད།

    ལོ་30ལྷག་ཙམ་རིང་། ཉི་མ་བཀྲ་ཤིས་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁོང་གསོ་སྐྱོང་གནང་མཁན་ས་གཞི་ཆེན་པོ་འདིར་དྲིན་ལན་འཇལ་ཆེད་བོད་ལ་ཆ་འཕྲིན་ཅན་གྱི་འབྲེལ་ཟམ་བསྐྲུན་ཡོད།

    མུ་མཐུད་ཞིབ་འཇུག་གཏིང་ཟབ། བོད་ཡིག་གི་ཆ་འཕྲིན་ཅན་གྱིས་མི་དེ་བས་མང་བར་ཕན་པ་བཏགས་པ།

    “བོད་ཡིག་གི་རྒྱལ་སྤྱིའི་ཨང་སྒྲིག་ཚད་གཞི་ཚང་མ་ང་ཚོས་གཏན་འཁེལ་བྱས་པ་ཞིག་ཡིན་པས། ང་ཚོས་རང་རྒྱལ་གྱིས་བཟོས་པའི་ལག་ཐོགས་ཁ་པར་ནང་བོད་ཡིག་བཀོད་འཇུག་བྱེད་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་བརྗོད་རྗེས་ཉི་མ་བཀྲ་ཤིས་སླར་ཡང་བྲེལ་འཚུབ་ཆེ་བའི་ཞིབ་འཇུག་གསར་སྤེལ་ལས་ལ་གཞོལ།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ཉི་མ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་བོད་ལྗོངས་སློབ་ཆེན་གྱི་ཚོགས་པ་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཀུང་སིས་ཐུན་མོང་ཐོག་གྲངས་འཛིན་སྒུལ་བདེའི་བཀོལ་སྤྱོད་མ་ལག་གི་བོད་ཡིག་པར་གཞི་ཞིབ་འཇུག་གསར་སྤེལ་བྱས་ནས་དེར་གཞིགས་པའི་བོད་ཡིག་གི་གྲངས་འཛིན་སྒུལ་བདེའི་ཁ་པར་བཏོན་པ་དང་། 2005ལོར་ལག་ཐོགས་གློག་རྡུལ་འཕྲིན་གཏོང་སྒྲིག་ཆས་ཀྱི་བོད་ཡིག་ཆ་འཕྲིན་ཐག་གཅོད་ཐེངས་དང་པོ་བྱས་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ཉི་མ་བཀྲ་ཤིས་ཀྱིས་གྲུབ་འབྲས་དེ་དག་ལ་བློ་ཡིད་ཚིམ་ནས་མ་བསྡད་པར། རིག་ནུས་ལག་ཐོགས་ཁ་པར་ཁྱབ་གདལ་བཏང་སྟེ་བོད་ཡིག་དེ་མི་དང་མིའི་དབར་འབྲེལ་གཏུག་བྱེད་ས་ཞིག་ཡིན་པའི་ངོས་ནས་དེ་བས་སྟབས་བདེ་བའི་རིག་ནུས་ལག་ཐོགས་ཁ་པར་ཇི་ལྟར་སྤྱོད་དགོས་མིན་ཐད་བསམ་བློ་གཏོང་བཞིན་ཡོད།

    2014ལོར། ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དང་ཧྭ་ཝེ་ཚོགས་པ་དང་མཉམ་ལས་བྱས་ཏེ་རིག་ནུས་སྒུལ་བདེའི་བཀོལ་སྤྱོད་མ་ལག་གི་བོད་ཡིག་པར་གཞི་སྟེ“རྒྱ་བོད་ཨན་ཀྲོའི་བཀོལ་སྤྱོད་མ་ལག”ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་དེར་གཞིགས་པའི་རིག་ནུས་སྒུལ་བདེའི་ཁ་པར་ཐུན་མོང་ཐོག་བཏོན་པ་དེས་འཛད་སྤྱོད་པས་བོད་ཡིག་ལ་བརྟེན་ནས་སྒུལ་བདེའི་ཁ་པར་གྱི་ནུས་པ་ཁག་སྟབས་བདེ་པོས་སྤྱོད་ཐུབ་ཡོད། བཀོལ་སྤྱོད་མ་ལག་འདི་རྗེས་སུ་རང་རྒྱལ་གྱིས་བཟོས་པའི་ལག་ཐོགས་ཁ་པར་ནང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད།

    2019ལོ་ནས་བཟུང་། ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་རང་རྒྱལ་གྱིས་བཟོས་པའི་རྩིས་འཁོར་བཀོལ་སྤྱོད་མ་ལག་གི་སྐད་ཡིག་མང་བའི་འདེགས་སྐྱོར་ལག་རྩལ་པར་གཞི་ཞིབ་འཇུག་གསར་སྤེལ་ལ་བློ་རྩེ་གཅིག་ཏུ་གཞོལ་འགོ་ཚུགས་ཤིང་། 2021ལོར་བོད་ལྗོངས་སློབ་ཆེན་དང་། རྒྱལ་སྲུང་ཚན་རྩལ་སློབ་ཆེན། ཆི་ལིན་མཉེན་ཆས་ཀུང་སི་བཅས་ཀྱིས་དུས་ཡུན་ཟླ་བ་18རིང་ཐུན་མོང་ཐོག་གསར་སྤེལ་བྱས་པའི“ཡིན་ཧོ་ཆི་ལིན་བཀོལ་སྤྱོད་མ་ལག(བོད་ཡིག་པར་གཞི)V10”དངོས་སུ་གསར་སྤེལ་བྱས་པ་རེད། ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་བློ་རྩེ་གཅིག་སྒྲིམ་དང་འབད་བརྩོན་ཆེན་པོས་མདུན་ཕྱོགས་སུ་བསྐྱོད་དེ། བོད་ཡིག་གི་ཆ་འཕྲིན་ཐག་གཅོད་མ་ལག་གི་ལག་རྩལ་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་ལྷག་པར་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་དང་འཚོ་བར་ཞབས་འདེགས་ཞུས་ཡོད།

    ཡག་ཐོག་ཡག་བརྩེགས། རྒྱ་བོད་ཡིག་སྒྱུར་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་བ།

    “གལ་ཏེ་མི་ཞིག་གིས་བོད་ཡིག་ཁོ་ན་ཤེས་པའམ་ཡང་ན་སྤྱི་སྐད་ཁོ་ན་ལས་ཤེས་ཀྱི་མེད་ཚེ་འཕྲུལ་ཆས་ལ་བརྟེན་ནས་འབྲེལ་གཏུག་བྱེད་ཐུབ་བམ”གནད་དོན་དེ་ཐག་གཅོད་བྱེད་པར“འཕྲུལ་ཆས་ཡིག་སྒྱུར”དེ་གདམ་ག་དང་པོར་གྱུར་ཡོད།

    ཉི་མ་བཀྲ་ཤིས་འཕྲུལ་ཆས་ཡིག་སྒྱུར་ཁྱབ་ཁོངས་ནང་ཞུགས་འགོ་ཚུགས་པ་དེ་ནི་ཁོང་གི་ངོས་ནས་བརྗོད་ན་འགྲན་སློང་གསར་རྐྱང་ཞིག་རེད།

    2016ལོར། ལོ་ལྔའི་རིང་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱས་པ་བརྒྱུད། ཉི་མ་བཀྲ་ཤིས་ཀྱིས་གཙོ་སྐྱོང་གནང་བ་དང་ཁོངས་མི་30ཙམ་གྱིས་གྲུབ་པའི་ཚོགས་པ་དེས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི“ཉི་འོད་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་མ་ལག”དངོས་སུ་སྤྱོད་འགོ་ཚུགས་པ་མ་ཟད། སྤྱི་དམངས་ལ་རིན་མེད་ངང་བེད་སྤྱོད་བྱེད་དུ་ བཅུག་ཡོད། སྔོན་ཆད་ཆུ་ཚོད་བཅུ་ལྷག་ཙམ་གྱི་ཡིག་སྒྱུར་ལས་དོན་དེ་འཕྲུལ་ཆས་ཡིག་སྒྱུར་མ་ལག་སྤྱད་ན་སྐར་མ་བཅུ་གྲངས་ཁ་ཤས་ལས་འགོར་གྱི་མེད་པ་རེད།

    ཡིག་སྒྱུར་དེ་བས་ཡང་དག་པ་ཡོང་བར་བྱེད་དགོས་ན་ངེས་པར་དུ་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། དེར་བརྟེན་ཉི་མ་བཀྲ་ཤིས་ཀྱིས་བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱི་གྲངས་འཛིན་ལས་སྟེགས་དང་རྩོམ་ཡིག་ཆ་ཚང་འཚོལ་བཤེར་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ་གྲངས་འཛིན་ཅན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་སྣ་ཚོགས་ལ་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་མཛོད་བཙུགས་པ་རེད།

    ད་ཆ། ཚོགས་པའི་ཁོངས་མིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད“ཉི་འོད་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་མ་ལག”རིམ་སྤོར་ཐེངས་མང་བྱས་པས། ཡང་དག་ཚད་90%ཡན་བར་མཐོ་རུ་ཕྱིན་པ་མ་ཟད། མ་ལག་དེར་ཉིན་རེར་འདྲི་རྩད་བྱེད་མཁན་མང་ཤོས་སུ་ཐེངས་ཁྲི་11ལྷག་ཙམ་ཟིན་ཡོད་པ་རེད། དེའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་སྐད་གདངས་ཡིག་སྒྱུར་དང་པར་རིས་དང་ཡི་གེ་དབྱེ་འབྱེད་སོགས་ལག་རྩལ་དང་མཉེན་ཆས་མ་ལག་རབ་དང་རིམ་པ་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་རིམ་བཞིན་བེད་སྤྱོད་བྱས་ནས་བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བཞིན་ཡོད།

    འགག་སྒྲོལ་དཀའ་སེལ། བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བར་གཞོལ་བ།

    བོད་ཡིག་གནའ་གཞུང་ཡིག་ཆའི་རིགས་ཧ་ཅང་མང་ལ་པོ་ཏི་མང་པོ་ཡོད། རང་རྒྱལ་དུ་ཉར་ཚགས་བྱས་པའི་བོད་ཡིག་གནའ་གཞུང་གི་བསྡོམས་འབོར་ཁྲི་བརྒྱ་ཡན་ཟིན་པ་དེའི་ནང་གསུམ་ཆ་གཉིས་ཙམ་བོད་དུ་ཉར་ཚགས་བྱས་ཡོད། 2012ལོར་ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་སླར་ཡང་ཁྱབ་ཁོངས་གསར་རྐྱང་སྟེ་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གཏིང་ཟབ་ཏུ་བཏང་ཡོད།

    གནའ་གཞུང་གྲངས་འཛིན་ཅན་དུ་བསྒྱུར་དགོས་ན། ཆེས་ཐོག་མར་སེལ་དགོས་པའི་དཀའ་གནད་ནི་པར་རིས་དབྱེ་འབྱེད་ལག་རྩལ་ཡིན། པར་རིས་དབྱེ་འབྱེད་ཀྱིས་བོད་ཡིག་ཡིག་ཚགས་པར་རིས་དབྱེ་འབྱེད་བྱས་ཏེ་རྩིས་འཁོར་ནས་ཀློག་ཆོག་པའི་ཡིག་ཚགས་སུ་བསྒྱུར་ཐུབ། དེ་ལྟར་བྱས་ན་ཆ་འཕྲིན་ལག་རྩལ་སྤྱད་དེ་གནའ་གཞུང་གི་ནང་དོན་འཚོལ་བཤེར་དང་། ཡིག་སྒྱུར། དབྱེ་ཞིབ། གོ་བ་ལེན་པ་སོགས་ཀྱི་ཐད་སྔར་བས་ཐག་གཅོད་དང་བེད་སྤྱོད་བྱེད་ཐུབ།

    རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་གཙོ་གནད་ཆེད་དོན་རྣམ་གྲངས་ཀྱི་འགན་འཁུར་བ་བརྒྱུད། ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་རབས་གསར་པའི་མིས་བཟོས་རིག་ནུས་ལག་རྩལ་སྤྱད་ནས་རིག་སྡུད་འགག་སྒྲོལ་བྱས་ཤིང་། བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་བཤར་འབེབས་དབྱེ་འབྱེད་དང་། གྲངས་འཛིན་ཅན་གྱི་གནོད་མེད་འཚོལ་བསྡུ། གྲངས་གཞི་ཅན་གྱི་མཐུན་སྦྱོར་ལས་དོན། རྩོམ་ཡིག་ཆ་ཚང་གི་གྲངས་གཞིའི་མཛོད་འཛུགས་སྐྱོང་དང་འཚོལ་བཤེར་སོགས་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་བེད་སྤྱོད་ལ་ཚོད་འཛིན་བཟོ་བའི་ལག་རྩལ་གྱི་དཀའ་གནད་རབ་དང་རིམ་པ་ལས་སྒྲོལ་ཐུབ་པ་བྱུང་བ་མ་ཟད། བོད་ཡིག་གནའ་གཞུང་གི་པར་ངོས་དབྱེ་ཞིབ་དང་ཡིག་གཟུགས་མི་འདྲ་བའི་ཡི་གེ་དབྱེ་འབྱེད་མ་ལག་ཞིབ་འཇུག་གསར་སྤེལ་བྱས་ཤིང་། འདུ་འགོད་ཅན་དེ་བོད་ཡིག་གནའ་གཞུང་གྲངས་འཛིན་ཅན་སྲུང་སྐྱོང་དང་བེད་སྤྱོད། བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་འདུ་འགོད་ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་མང་པོར་སྤྱད་པས། བོད་ཡིག་གནའ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད།

    2022ལོར་ཉི་མ་བཀྲ་ཤིས་ཀྱི་ཚོགས་པའི“བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད”ཅེས་པར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།

    ད་ཆ་བོད་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་མྱུར་པོ་ཡོད་ནའང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་ཐོན་བྱུང་བའི་ཉི་མ་བཀྲ་ཤིས་ཀྱིས་འབད་བརྩོན་བྱེད་མཚམས་བཞག་མེད་པར་ཁོང་དང་ཚོགས་པས་སླར་ཡང་མིས་བཟོས་རིག་ནུས་ཀྱི་ཁྱབ་ཁོངས་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ཡོད། “ལག་རྩལ་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་དགོས་ན། མིས་བཟོས་རིག་ནུས་ལག་རྩལ་སྤྱད་དེ་སྐད་བརྡའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་སྨན་ཁང་དུ་སྨན་པ་བསྟེན་པ་དང་དངུལ་ཁང་དུ་ལས་དོན་སྒྲུབ་པ་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་སྔར་བས་སྟབས་བདེ་ཡོང་བ་དང་། མི་ཚང་མར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཆ་འཕྲིན་ལག་རྩལ་ཡར་ཐོན་ལས་བྱུང་བའི་སྟབས་བདེའི་འཚོ་བར་རོལ་ཐུབ”ཅེས་ཉི་མ་བཀྲ་ཤིས་ཀྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།