སློབ་ཞུགས་གོང་གི་བྱིས་པའི་སློབ་གསོའི་སྤྲོ་བ་འཕེལ་ཐབས་རགས་ཙམ་གླེང་བ།
བྱིས་གསོ་ཁང་གི་སློབ་གསོ་ནི་སློབ་མའི་མ་འོངས་པའི་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཡོད་པའི་རྨང་གཞིའི་སློབ་གསོ་ཞིག་རེད། བྱིས་དུས་ནི་ལྷད་མེད་དྭངས་གཙང་གི་དུས་སྐབས་ཤིག་ཡིན་པས་དགེ་རྒན་གྱིས་ཁྲིད་སྟོན་བྱེད་སྐབས་ཕྱོགས་གང་ཅིའི་ཐད་ནས་དོ་སྣང་ཆེན་པོ་བྱེད་དགོས། བྱིས་གསོའི་དུས་རིམ་དུ་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱེད་པ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས་དགེ་རྒན་གྱིས་ཡང་དག་པའི་སྒོ་ནས་བྱིས་པར་ཁྲིད་སྟོན་བྱེད་རྒྱུ་དགོས་གལ་ཆེ།
དང་པོ། བྱིས་པ་གསོ་སྐྱོང་གི་བརྒྱུད་རིམ་ཁྲོད་དུ་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱེད་པའི་ཕན་ཡོན།
བྱིས་པའི་ལོ་ཚོད་ནང་ཐོབ་པའི་སློབ་གསོས་ཕྱིས་བྱུང་གི་སློབ་གསོར་སྤྲོ་བ་འཕེལ་རྒྱུར་འབྲེལ་བ་ཆེན་པོ་ཡོད། བྱིས་དུས་ཀྱི་སློབ་གསོ་དང་ལྷན་སྐྱེས་ཀྱི་ཤེས་རབ་ནི་སྤྲོ་སྣང་གི་གསོ་སྐྱོང་ལ་བརྟེན་ནས་བྱུང་བ་ཞིག་རེད། དེའི་ཐོག་ནས་བྱིས་པ་ཚོར་སློབ་སྦྱོང་ལ་སྤྲོ་སྣང་གིས་འཇུག་པའི་གོམས་གཤིས་ཡོད་ན་སློབ་སྦྱོང་གི་ཧུར་སེམས་དང་དགའ་སྣང་རང་ཤུགས་ཀྱིས་འཕེལ་གྱི་ཡོད། དེ་ཡང་བྱིས་པར་ཆུང་དུས་ནས་སྤྲོ་སྣང་དང་དགའ་སྣང་གི་རོལ་རྩེད་ཁྲོད་ནས་རིག་པ་འཕེལ་ཐབས་བསླབས་དགོས་ལ། རིག་པ་འཕེལ་བའི་བརྒྱུད་རིམ་ཁྲོད་ཀྱི་སྤྲོ་སྣང་གང་དེར་མྱོང་ཚོར་ཐུབ་པ་བྱེད་དགོས། ཚོར་བ་དེ་རིགས་ཀྱིས་བྱིས་པའི་ལུས་སེམས་གཉིས་ཀར་བདེ་བ་ངེས་ཅན་ཞིག་སྤྲད་ཐུབ་ལ། དགེ་རྒན་གྱི་རིག་སྟོབས་སྐྱེ་འཕེལ་གྱི་ཁྲིད་ཐབས་ལ་རམ་འདེགས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད། ཚོར་བ་དེ་དག་རྒྱུན་གཏན་གྱི་རྩེད་མོ་དང་རྩེད་མོའི་ལག་ལེན་ཁྲོད་ནས་ཐོབ་ཐུབ་ལ། ཅ་དངོས་གསར་པ་དང་ཅ་དངོས་བེད་སྤྱོད་པའི་བརྒྱུད་རིམ་ལས་ཀྱང་ཐོབ་ཐུབ། ཡང་སྒོས་སུ་ནམ་རྒྱུན་གྱི་འགྲོ་འདུག་ཉལ་གསུམ་དང་ཟས་གོས་སྡོད་གསུམ་ལས་ཀྱང་སྤྲོ་སྣང་དེ་འདྲ་གྱ་ནོམ་པ་ཐོབ་ཐུབ་པས་དགེ་རྒན་གྱིས་དེ་དག་གི་ཁྲོད་ནས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་སྣེ་ཁྲིད་ལམ་སྟོན་བྱེད་དགོས།
གཉིས་པ། བྱིས་པ་རྣམས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་སྤྲོ་བ་མེད་པའི་རྒྱུ་མཚན།
གཅིག ཁྱིམ་བདག་གིས་དཔེ་སྟོན་གྱི་ནུས་པ་བཟང་པོ་ཐོན་མེད་པ།
བྱིས་པ་ལོ་ན་ཆུང་བས་ཁྱིམ་བདག་གི་བྱ་སྤྱོད་ལ་ལད་མོ་བྱེད་པར་ཧ་ཅང་དགའ་ལ་ལད་མོ་བྱེད་མཁས་པ་ཡོད་དུས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཕ་མས་གང་གང་ལས་ལ་ཇི་ལྟར་འཇུག་པ་བཞིན་དུ་བྱིས་པས་ཀྱང་དེ་ལྟར་སྦྱོང་ཐུབ། ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་འོག་བྱིས་པ་མང་པོ་ཞིག་ལ་གོམས་གཤིས་ངན་པ་འཇག་གི་ཡོད། དེ་ནི་ཁྱིམ་བདག་མང་པོས་དུས་རྒྱུན་གྱི་འཚོ་བའི་ནང་བྱིས་པར་དཔེ་སྟོན་བཟང་པོ་མ་བྱུང་བའི་སྐྱོན་ཡིན། གོམས་གཤིས་ངན་པ་དེ་དག་གིས་བྱིས་པར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད།
གཉིས། དགེ་རྒན་གྱིས་བྱིས་པར་བརྩེ་བ་མི་འདང་བ་དང་བྱིས་པའི་ཡིད་དབང་འགུག་པའི་ནུས་པ་ཞན་པ།
བྱིས་པས་རྩེད་མོ་དང་། ལུས་རྩལ། རིག་རྩལ་འཁྲབ་སྟོན། སློབ་སྦྱོང་སོགས་ལ་འཇུག་པའི་གོ་རིམ་ཁྲོད་དུ་དགེ་རྒན་གྱིས་བྱིས་པར་རང་ཉིད་ཀྱི་ལྷད་མེད་པའི་བྱམས་སེམས་དང་ཞི་དུལ་བག་ཡོད་ཀྱི་གཤིས་བཟང་དེ་སྟོན་དགོས། དེ་ནི་བྱིས་པའི་སྤྱོད་ཡོན་གཉིས་ཀར་ཤུགས་རྐྱེན་བཟོ་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན། ད་དུང་དགེ་རྒན་གྱིས་བྱིས་པ་ཡིད་དབང་འཕྲོག་པའི་འཇོན་ཐང་དེ་སྟོན་དགོས་པ་ཡིན། དགེ་རྒན་གྱིས་བྱིས་པའི་ཡིད་དབང་འཕྲོག་པའི་འཇོན་ཐང་འདོན་མི་ཐུབ་པའམ་མ་བཏོན་ན། བྱིས་པས་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་ལ། དེའི་རྐྱེན་གྱིས་བྱིས་པའི་སློབ་སྦྱོང་གི་སྤྲོ་བ་དེ་མེད་པར་གྱུར་འགྲོ་གིན་ཡོད། དེས་བྱིས་པའི་རྗེས་ཕྱོགས་གི་སློབ་སྦྱོང་ལག་ལེན་ཁྲོད་ཤེས་བྱ་ལ་སྤྲོ་བ་མེད་པར་གྱུར་ཏེ། བྱིས་པ་རྣམས་ལ་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་གསོ་སྐྱོང་བྱ་ཐབས་མེད་པ་རེད། དེར་བརྟེན་དགེ་རྒན་གྱིས་བྱིས་པར་རང་ཉིད་ཀྱི་ལྷད་མེད་པའི་བྱམས་སེམས་ཀྱི་སེམས་པ་དེ་སྟོན་དགོས་ལ་བྱིས་པའི་ཡིད་དབང་འཕྲོག་པའི་སྐད་ཆ་དང་། ཐབས་ཤེས། སྟངས་སྟབས་བཅས་ཀྱི་འཇོན་ཐང་འདོན་སྤེལ་ལ་ཤུགས་སྣོན་རྒྱག་དགོས།
གསུམ། བྱིས་པ་རང་ཉིད་སློབ་སྦྱོང་ལ་སྤྲོ་བ་མེད་པ།
བྱིས་པ་རེ་རེར་ཁེར་རྐྱང་གི་མི་གཤིས་ལྡན་པ་ཞིག་ཡིན་པས། རང་སོ་སོའི་སྤྱོད་ལམ་ཡང་མི་འདྲ་བ་ཡིན། དཔེར་ན། བྱིས་པ་ལ་ལས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་སྦྱོང་ལ་འབད་པ་བྱེད་མི་སྲིད་ལ། རིག་པ་རྩེ་གཅིག་ཏུ་སྒྲིམ་ཐུབ་ཀྱིན་མེད་པ་མ་ཟད། རིག་པ་ཅུང་ཟད་བསྒྲིམས་པ་དེ་ཡང་རྒྱུན་རིང་པོ་མ་འཁྱོལ་བ། དགེ་རྒན་གྱི་སྐད་ཆ་རྣ་རྒྱབ་ཀྱི་ལྷགས་པར་བསྐུར་བ། རང་ཉིད་སྒྱིད་ལུགས་དབང་གིས་ལུས་སེམས་ལྷོད་ལ་ཕབ་པ་སོགས་ལས་སློབ་སྦྱོང་གི་བརྒྱུད་རིམ་ལ་སྤྲོ་བ་འཕེལ་མི་ཐུབ་པ་རེད། དེས་ན་དགེ་རྒན་གྱིས་དེ་དོན་ཡོ་སྲང་དང་། དྲན་སྐུལ། སྐུལ་ལྕག་གང་མང་བྱེད་དགོས་པ་ཡིན།
བཞི། བྱིས་པའི་མཚར་སེམས་སློང་མི་ཐུབ་པ།
ཡ་མཚན་གྱི་སེམས་པ་ནི་མི་ཚང་མར་ཡོད་ལ། ཡང་སྒོས་སུ་ བྱིས་པར་མཚར་སྣང་དང་ཡ་མཚན། ཨ་མཚར་སོགས་ཀྱི་སེམས་པ་ཤུགས་ཆེ་ལ། དེས་སེམས་ཁམས་ཀྱི་ཆ་ཤས་གལ་ཆེན་ཞིག་བཟུང་ཡོད། ཕྲུ་གུ་ལོ་ན་ཆུང་བས་ཤེས་བྱ་དང་ཉམས་མྱོང་དེ་ཙམ་མེད་པས་ཁོ་ཚོས་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་རྟག་པར་ཡ་མཚན་གྱི་བསམ་པ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད། ཕྲུ་གུ་ཚོར་རང་གི་བསམ་བློ་གཏོང་བའི་ནུས་པ་ཡོད་པ་དང་ཕྲུ་གུ་ཚོར་ཡ་མཚན་གྱི་བསམ་བློ་དྲགས་པོ་ཡོད་པས་དགེ་རྒན་གྱིས་སློབ་མའི་ཡ་མཚན་པའི་སེམས་པ་དང་བསམ་བློའི་གཏོང་ཕྱོགས་ལ་ལམ་སྟོན་ཡག་པོ་མ་བྱས་ན། ཡ་མཚན་གྱི་སེམས་པ་ཉམས་ནས་གོ་མེད་ཚོར་མེད་དུ་སྡོད་པ་ཡིན།
གསུམ་པ། བྱིས་པའི་སློབ་ཞུགས་སྔོན་གྱི་སློབ་གསོའི་སྤྲོ་བ་གསོ་སྐྱོང་བྱེད་པའི་ཐབས་ཇུས།
གཅིག རོལ་མོའི་སློབ་གསོའི་གོ་རིམ་ཁྲོད་ནས་སློབ་སྦྱོང་གི་སྤྲོ་བ་གསོ་སྐྱོང་བྱེད་དགོས།
གླུ་དབྱངས་སྙན་མོ་ཞིག་གིས་རང་ཉིད་ཀྱི་ལུས་སེམས་ལྷོད་ལ་ཕབ་ཐུབ་ལ། རོལ་མོའི་སློབ་ཁྲིད་ཀྱིས་སློབ་མའི་བསམ་གཞིག་གི་སྒོ་མོ་ཕྱེ་ཐུབ་པས་སློབ་མའི་མ་འོངས་ཀྱི་སྒྱུ་རྩལ་འཕེལ་རྒྱས་དང་ལུས་སེམས་བདེ་ཐང་གི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཐུབ། འོན་ཀྱང་བྱིས་པར་རོལ་མོའི་སྤྲོ་བ་གསོ་སྐྱོང་བྱེད་པའི་སྐབས་སུ། བྱིས་པ་ཞེས་པའི་དམིགས་བསལ་གྱི་ཁྱུ་ཚོགས་འདིར་བསམ་བློ་བཏང་སྟེ། ང་ཚོས་བྱིས་པ་ཚོར་འཚམ་པའི་གླུ་དབྱངས་འདེམ་དགོས། དེ་འདྲ་བྱས་ན་གཞི་ནས་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་བ་དེ་སེམས་གཏིང་ནས་འཕེལ་ཐུབ།
དེར་བརྟེན་ང་ཚོས་རོལ་མོའི་སློབ་ཁྲིད་ཀྱི་བྱེད་སྒོའི་ཇུས་འགོད་བྱེད་པའི་གོ་རིམ་ནང་། བྱིས་པའི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་དེའི་ལུས་སེམས་ཡོངས་སུ་འཚར་ལོངས་ཐུབ་པ་དང་། མཚར་སྣང་ཕྱི་ལ་མངོན་ཐུབ་པའི་ཁྱད་ཆོས་དག་བཟུང་ནས་ཇུས་འགོད་བྱེད་དགོས། བྱིས་པའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་རོལ་རྩེད་ལ་སྤྲོ་བ་ཆེན་པོ་བྱེད་ལ། རོལ་རྩེད་ཀྱི་ཤུགས་རྐྱེན་གྱིས་བྱིས་པ་རྣམས་སློབ་སྦྱོང་ལ་ཞུགས་པའི་བརྒྱུད་རིམ་ཁྲོད་དུ་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེའི་རྒྱུ་མཚན་ནི་རོལ་རྩེད་ཀྱི་ཁྲོད་ནས་བྱིས་པ་རྣམས་ལ་ལུས་སེམས་གཉིས་ཀར་སྤྲོ་བ་ཆེན་པོ་ཐོབ་ཀྱི་ཡོད་པས་ཡིན། དེས་ན་དགེ་རྒན་གྱིས་བྱིས་པའི་ཁྱད་ཆོས་དེ་དག་བཟུང་ནས་སློབ་ཁྲིད་འཆར་འགོད་བྱེད་དགོས།
གཉིས། མཛེས་རྩལ་སློབ་སྦྱོང་གི་སྤྲོ་བ་གསོ་སྐྱོང་བྱེད་པ།
མཛེས་རྩལ་དང་རོལ་དབྱངས་གཉིས་ཀྱི་སློབ་ཚན་ལ་བྱིས་པའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་གོ་གནས་གཅིག་མཚུངས་ཡོད་པས་མཛེས་རྩལ་གྱིས་ཀྱང་སློབ་ཞུགས་གོང་གི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་སློབ་མའི་སྤྲོ་སྣང་འཕེལ་ཐུབ། དེ་ནི་བྱིས་གསོ་ཁང་དུ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་མཛེས་རྩལ་གྱིས་བྱིས་པ་རང་ཉིད་ཀྱི་མཛེས་དཔྱོད་རྩལ་ནུས་ལ་སྦྱོང་བརྡར་ཐེབས་ཐུབ་པ་མ་ཟད། བསམ་པའི་གཤིས་རྒྱུད་ལ་ཡང་ཡར་ཐོན་ཆེན་པོ་ཡོང་ཐུབ་པས་ཡིན། དགེ་རྒན་གྱིས་མཛེས་རྩལ་གྱི་རི་མོ་འབྲི་བའམ་ཤོག་དྲས་སྒྱུ་རྩལ་གྱི་བྱ་ཐབས་བརྒྱུད་ནས་བྱིས་པའི་བློ་རིག་འཕེལ་ཐབས་གང་ལེགས་བྱེད་དགོས།
གསུམ། རྩེད་མོ་དང་རོལ་རྩེད་ཁྲོད་ནས་སློབ་སྦྱོང་བྱེད་པ།
བྱིས་པའི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་བྱིས་པ་རྣམས་རོལ་རྩེད་རྩེ་རྒྱུར་དགའ་བ་ནི་ལྷན་སྐྱེས་ཀྱི་རང་གཤིས་ཤིག་ཡིན་པས། རོལ་རྩེད་ཀྱིས་བྱིས་པའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་པ་སྟེ། རོལ་རྩེད་རྩེ་བའི་བརྒྱུད་རིམ་ནང་བྱིས་པར་སྤྲོ་བ་ཚད་མེད་ཞིག་སྐྱེས་སྲིད་པས། དགེ་རྒན་གྱིས་རོལ་རྩེད་རྩེ་བའི་ཐབས་ལམ་བརྒྱུད་དེ་བྱིས་པའི་སློབ་སྦྱོང་གི་ནང་དོན་དང་རོལ་རྩེད་ཟུང་དུ་སྦྲེལ་དགོས། དེ་ལྟར་བྱས་ན་བྱིས་པས་སློབ་སྦྱོང་གི་ནང་དོན་ལ་སྔར་བས་བློ་རྩེ་གཅིག་ཏུ་གཞོལ་ཐུབ་པ་མ་ཟད། རོལ་རྩེད་བརྒྱུད་དེ་ཤེས་བྱ་གསར་པ་ངོ་སྤྲོད་བྱ་རྒྱུར་སྔར་ལས་ལྷག་པའི་རོགས་རམ་བྱེད་ཐུབ། ད་དུང་དགེ་རྒན་གྱིས་རོལ་རྩེད་རྩེད་སྟངས་ཁྲོད་བྱིས་པར་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱེད་ཐུབ་པས། ང་ཚོ་བྱིས་པའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱིས་པ་རོལ་རྩེད་ལ་རོལ་དུ་འཇུག་དགོས་ལ། རོལ་རྩེད་རྩེད་སྟངས་བརྒྱུད་ནས་རིག་སྟོབས་རྒྱས་ཐབས་བྱེད་དགོས། དེ་བས་སློབ་སྦྱོང་གི་ནང་དོན་དེ་རོལ་རྩེད་ནང་དུ་དྲངས་ནས་རོལ་རྩེད་དང་ཟུང་འབྲེལ་བྱས་ཏེ་བྱིས་པ་ཚོར་ཤེས་བྱ་གསར་རྙེད་ཀྱི་སྤྲོ་བ་འཕེལ་དུ་འཇུག་དགོས།
མདོར་ན། བྱིས་པའི་སློབ་སྦྱོང་གི་གོ་རིམ་ཁྲོད་གནད་འགག་ཆེ་ཤོས་ནི་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་ལེགས་པོ་བྱེད་པ་དེ་ཡིན། འོན་ཀྱང་བྱིས་པའི་སྤྲོ་སྣང་གསོ་སྐྱོང་བྱེད་པ་ཧ་ཅང་ཁག་པོ་ཡོད། གསོ་སྐྱོང་གི་དགོས་མཁོ་ལྟར་ལེཌ་འགྲུབ་ཡོང་དགོས་ན་དགེ་རྒན་གྱིས་བྱིས་པ་སློབ་གྲྭར་སྡོད་སྐབས་ཉིན་གཅིག་གཉིས་ཀྱི་ཁྱད་པར་མེད་པར་དུས་ཡུན་རིང་པོའི་སློབ་གསོ་ཁྲིད་སྟོན་བྱ་དགོས། བྱིས་གསོའི་དུས་སྐབས་ནང་སློབ་སྦྱོང་བྱེད་དགོས་པའི་ཤེས་བྱ་མང་པོ་མེད་མོད། འོན་ཀྱང་བྱིས་པའི་གསོ་སྐྱོང་ལ་འཚམ་པའི་ཐབས་ཤེས་ཏེ་མཛེས་རྩལ་དང་རོལ་དབྱངས། རོལ་རྩེད་སོགས་བརྒྱུད་ནས་བྱིས་པའི་རིག་སྟོབས་འཕེལ་བ་དང་ཤེས་བྱ་ལེན་པའི་སྤྲོ་སྣང་དེ་སྐྱེད་སྲིང་དང་གསོ་སྐྱོང་ལ་རྟག་ཏུ་འབད་དགོས་སོ།
(བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་བྱིས་གསོ་ཁང་གཉིས་པའི་བསོད་ནམས་ལྷ་མོ)