དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • རྒྱ་བོད་ལོ་ཙཱ་ལས་མིང་སྒྲ་སྒྱུར་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    ཡིག་སྒྱུར་ནི་མ་ཡིག་གི་ནང་དོན་བུ་ཡིག་ནས་མཚོན་རྒྱུ་དེ་ཡིན་པ་དང་། ཡིག་སྒྱུར་གྱི་ཁྲོད་དུ་ལོ་ཙཱའི་ཆེས་ཆུང་བའི་སྡེ་ཚན་ནི་མིང་ཡིན། ཡིག་སྒྱུར་བྱེད་སྐབས་ཐོག་མར་མིང་གི་དོན་གསལ་པོར་ཤེས་དགོས་པ་དང་། དེ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ཐ་སྙད་ཐོག་ནས་མཚོན་ཐབས་བྱེད་དགོས། མིང་སྒྱུར་ལེགས་པོ་ཞིག་དགོས་ན། བསྒྱུར་བྱའི་ཡིག་རིགས་དེའི་མིང་དང་སྒྱུར་བྱེད་ཡིག་རིགས་ཀྱི་མིང་གི་ཁྱད་པར་གསལ་པོར་ཤེས་དགོས། མི་རིགས་སོ་སོའི་སྐད་ཡིག་གི་བརྡ་སྤྲོད་དང་མིང་གི་གྲུབ་ཚུལ་སོགས་མི་འདྲ་བས། རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་དང་མིང་གི་གྲུབ་ཚུལ་ཐད་ལའང་ཁྱད་པར་ངེས་ཅན་ཡོད། རྒྱ་ཡིག་ཏུ་མིང་ཞེས་པ་དེ་སྐད་ཆའི་སྡེ་ཚན་ཆེས་ཆུང་ཞིང་། རང་རྐྱ་འཕེར་བའི་ངང་དོན་སྟོན་ཐུབ་པའི་སྐད་ཆའི་ཆ་ཤས་ཤིག་ལ་ཟེར་བ་དང་། བོད་ཡིག་ཏུ་མིང་ཞེས་པ་དེ་ཡི་གེ་དུ་མ་འདུས་པ་ལས་བྱུང་ཞིང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲའི་ཆ་ཤས་ཤིག་ལ་ངོས་འཛིན་གྱི་ཡོད།

    མིང་གི་སྒྱུར་ཐབས་ལ་སྒྲ་སྒྱུར་དང་དོན་སྒྱུར་གཉིས་ཡོད་པ་ལས་ས་མིང་དང་མིའི་མིང་ལ་སོགས་པར་སྒྲ་སྒྱུར་སྤྱོད་པ་མང་། འདིར་སྒྲ་སྒྱུར་ཞེས་པ་དེ་མ་ཡིག་གི་སྒྲ་འདོན་སྟངས་ཇི་བཞིན་སྒྱུར་བྱེད་ཡིག་རིགས་སུ་སྒྱུར་བར་གོ་དགོས། དེ་ཡང་སྒྱུར་བྱེད་ཡིག་རིགས་ཀྱི་མིང་བརྡ་ཁ་ཤས་མ་ཡིག་གི་ནང་དོན་ལྟར་བསྒྱུར་ན། ཀློག་མི་བདེ་བའམ་གོ་བ་ལོག་པའི་ཉེན་ཁ་ཡོད་པས་དེ་དག་སྒྲ་རང་སོར་འཇོག་དགོས་པ་ཡིན། དེ་ཡང་། ལག་ལེན་དངོས་སུ་འཇུག་སྐབས་བྱེ་བྲག་གི་གནད་དོན་མི་ཉུང་བ་ཞིག་ཕྲད་དང་འཕྲད་མུས་ཡིན་པས། འདིར་རང་ནུས་ལྕོགས་ཚོད་ཀྱིས་མིང་སྒྲ་སྒྱུར་བྱེད་ཐབས་སྐོར་རགས་ཙམ་གླེང་བར་བྱའོ།

    གཅིག མིང་ཧྲིལ་པོ་སྒྲ་སྒྱུར་བྱེད་ཐབས།

    གང་ཟག་གི་མིང་དངོས་ཡིན་ན་མིང་དངོས་སྒྲ་སྒྱུར་བྱས་ན་ལེགས་སྙམ། དཔེར་ན། མི་རིགས་གཞན་གྱི་མིའི་མིང་སྒྲ་སྒྱུར་བྱེད་པ་སྟེ། མིའི་མིང་འདོགས་ཚུལ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མི་རིགས་སོ་སོའི་མིའི་མིང་གི་འདོགས་ཚུལ་ཡང་མི་འདྲ། གལ་ཏེ་མིའི་མིང་དོན་སྒྱུར་བྱས་ན་མིང་གདགས་སའི་གང་ཟག་དངོས་སྟོན་མི་ཐུབ་པའམ། ཡང་ན། གང་ཟག་གཞན་དང་འཁྲུལ་ཉེན་ཡོད་པ་སོགས་ཀྱི་སྐྱོན་མང་པོ་ཐོན་སྲིད། དེས་ན། འཛམ་གླིང་གི་མི་རིགས་སོ་སོའི་ཡིག་སྒྱུར་བྱ་གཞག་ཁྲོད་མིའི་མིང་སྒྲ་སྒྱུར་བྱེད་བཞིན་ཡོད། དེ་ཡང་། མིའི་མིང་སྒྲ་སྒྱུར་བྱེད་པར་གཅིག་ནས་མ་ཡིག་གི་སྒྲ་ཇི་བཞིན་སྒྱུར་དགོས་པ་དང་། གཉིས་ནས་རྒྱུན་འབྱམས་སུ་སོང་བའི་སྒྲ་ཇི་བཞིན་སྒྱུར་དགོས་པ། གསུམ་ནས་བོད་ཡིག་གི་སྒྲ་ཡང་དག་པར་སྒྱུར་བ་བཅས་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་དགོས། མི་རིགས་གཞན་གྱི་མིང་སྒྱུར་སྐབས་མཐའ་གཅིག་ཏུ་སྒྲ་ཡོངས་སུ་ཐོན་དཀའ་བས། བརྩེགས་མ་དང་ཡིག་ཚོགས་མང་པོ་མི་བཀོལ་བར་ཇི་ལྟར་སྟབས་བདེ་ན་དེ་དང་ཆ་འདྲ་བའམ་ཉེ་བར་སྒྱུར་ཆོག་པར་འདོད་ལ། དེ་བས་ཀྱང་རྒྱལ་ཁབ་ཀྱི་གཙོ་འཛིན་སོགས་འགོ་ཁྲིད་དང་། མི་སྣ་གྲགས་ཅན་སོགས་ཀྱི་མིང་སྒྱུར་སྐབས་གང་ནུས་ཅི་ནུས་ཀྱིས་སྒྲ་སྒྱུར་གྱི་ཐབས་ལམ་སྤྱོད་དགོས།

    གཉིས། ས་ཆའི་མིང་སྒྲ་སྒྱུར་བྱེད་ཐབས།

    དེ་ཡང་། ས་མིང་ནི་ས་ཆ་དེ་གའི་མཚོན་བྱེད་ཙམ་ཡིན་པས་ཡིག་སྒྱུར་བྱེད་སྐབས་སྒྲ་རང་སོར་འཇོག་པ་ལས་དོན་སྒྱུར་བྱེད་མི་རུང་། གལ་ཏེ་བཙན་ཤེད་ཀྱིས་དོན་སྒྱུར་བྱས་ན་ས་ཆ་གཞན་གྱི་མིང་དང་ནོར་འགྲོ་བའམ་མིང་བརྡ་རྙོག་རྫོབ་བཟོ་བ་སོགས་ཀྱི་སྐྱོན་ཆ་འབྱུང་ངེས་ཡིན་པས། ས་ཆ་དང་རི་ཆུ། རྒྱལ་ཁབ། གྲོང་ཁྱེར་སོགས་ཀྱི་མིང་སྒྲ་སྒྱུར་བྱེད་དགོས་པ་དཔེར་ན། 马来西亚、菲律宾、波兰、埃及、芬兰、比利时、伊朗ལྟ་བུར་མ་ལེ་ཞི་ཡ་དང་། ཧྥེ་ལི་ཕིན། ཕོ་ལན། ཨེ་ཅིབ། ཧྥིན་ལན། པི་ལི་ཧྲི། དབྱི་ལང་ཞེས་སྒྲ་སྒྱུར་བྱས་ཡོད་ལ། ས་མིང་གི་ཐད་ལའང་ལྷ་སའི་ནོར་བུ་གླིང་ག་ལྟ་བུ་རྒྱ་སྐད་དུ། 罗布林卡ཞེས་སྒྲ་སྒྱུར་བྱས་ཡོད་པ་དང་། པེ་ཅིན་གྱི中南海ལྟ་བུ་བོད་སྐད་དུའང་ཀྲུང་ནན་ཧའེ་ཞེས་སྒྲ་སྒྱུར་བྱེད་པ་ལས་ནོར་བུ་གླིང་གར། 宝贝林园དང་། 中南海ལ་ལྷོ་དཀྱིལ་རྒྱ་མཚོ་ཞེས་དོན་སྒྱུར་བྱེད་སྲོལ་མེད།

    རི་ཆུའི་མིང་སྒྲ་སྒྱུར་བྱེད་པ་སྟེ། རི་ཆུ་སོགས་སྒྲ་སྒྱུར་བྱེད་པར་སྣོན་སྒྱུར་གྱི་ཐབས་སྤྱོད་དགོས་པ་ཡིན། དཔེར་ན། 泰山ལ་རི་བོ་ཐའེ་ཧྲན་དང་། 伊江ལ་ཡུས་ཅང་གཙང་པོ་ཞེས་སྣོན་སྒྱུར་བྱེད་དགོས་པ་དང་། དེ་བཞིན་དུ་ཡར་ཀླུང་གཙང་པོ་ལྟ་བུར་རྒྱ་སྐད་དུ། 雅鲁藏布江ཞེས་དང་། གདང་ལ་རི་བོར། 唐古拉山ཞེས་སྣོན་སྒྱུར་བྱེད་བཞིན་ཡོད། གལ་ཏེ། 江དང水ཞེས་པའི་ཡིག་འབྲུ་དེ་དག་ཁ་སྣོན་མ་བྱས་པར། 雅鲁藏布དང唐古拉ཞེས་པར་བསྒྱུར་ཚེ། དེ་དག་གཙང་པོ་དང་རི་བོ་ཡིན་པ་མི་རིགས་གཞན་གྱིས་གོ་དཀའ།

    གསུམ། ལས་གནས་སམ་གོ་གནས་དང་སྒྲིག་འཛུགས་ཀྱི་མིང་སོགས་སྒྲ་སྒྱུར་བྱེད་ཐབས།

    རང་རྒྱལ་གྱི་མི་རིགས་སོ་སོའི་སྐད་དང་ཡི་གེའི་ནང་དུ་གཅིག་གྱུར་གྱི་ཆ་མང་ཙམ་ལྡན་པའི་ཆེད་དུ། བརྡ་ཆད་གསར་པ་མང་པོ་ཞིག་སྒྲ་སྒྱུར་བྱས་ན་ལེགས་་པར་མཐོང་། ལས་གནས་སམ་གོ་གནས་ཀྱི་མིང་སྒྲ་སྒྱུར་བྱེད་པ་དཔེར་ན། 主席、总理、书记、主任ལྟ་བུ་སྒྲ་སྒྱུར་བྱས་པ་ཧ་ཅང་མང་། དེ་བཞིན་བོད་ཀྱི་ཐ་སྙད་ཁྲོད་ཀྱི་བཀའ་བློན་དང་། ཁྲི་པ། སྡེ་པ་སོགས་ཀྱི་གོ་གནས་ཀྱི་མིང་རྣམས་ཀྱང་རྒྱ་སྐད་དུ། 噶伦、赤巴、第巴ཞེས་སྒྲ་སྒྱུར་བྱས་པ་མང་།

    སྒྲིག་འཛུགས་དང་། ལས་ཁུངས། ཁེ་ལས་སོགས་ཀྱི་མིང་སྒྲ་སྒྱུར་བྱེད་པ་སྟེ། དཔེར་ན། 党中央、公司、共产党、国民党ཞེས་པ་ཏང་ཀྲུང་དབྱང་དང་། ཀུང་སི། གུང་ཁྲན་ཏང་། གོ་མིན་ཏང་སོགས་སུ་སྒྲ་སྒྱུར་བྱས་ཡོད། འདི་དང་འདྲ་བར་སྒྲིག་འཛུགས་ཀྱི་མིང་སྒྲ་སྒྱུར་བྱས་པ་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཁྲོད་དུ་མང་པོ་ཡོད་པས་འདིར་དཔེའི་སྒོ་ནས་མཚོན་པར་མི་བྱའོ།

    བཞི། མི་རིགས་དང་ཚོ་པ་སོགས་ཀྱི་མིང་སྒྲ་སྒྱུར་བྱེད་ཐབས།

    མི་རིགས་དང་ཚོ་པ་སོགས་ཀྱི་མིང་དེ་སྔ་བོད་དུ་བསྒྱུར་མ་མྱོང་བ་ད་ལྟ་གསར་དུ་སྒྱུར་དགོས་ཚེ་སྒྲ་སྒྱུར་བྱས་ན་ལེགས་པར་མཐོང་། དཔེར་ན། མི་རིགས་ཀྱི་མིང་སྒྲ་སྒྱུར་བྱེད་པ་སྟེ། མི་རིགས་ཀྱི་མིང་སྒྲ་སྒྱུར་བྱེད་སྐབས་ངེས་པར་དུ་སྒྲ་དོན་མཉམ་སྒྱུར་བྱེད་དགོས་ཤིང་། རང་རྒྱལ་གྱི་མི་རིགས་མང་པོ་ཞིག་གི་མིང་སྒྲ་དོན་མཉམ་སྒྱུར་བྱས་ཡོད་པ་དཔེར་ན། 苗族ལ་མེའོ་རིགས་དང་། 壮族ལ་ཀྲོང་རིགས། 朝鲜族ལ་ཁྲའོ་ཞན་རིགས། 瑶族ལ་ཡའོ་རིགས། 黎族ལ་ལི་རིགས། 高山族ལ་ཀའོ་ཧྲན་རིགས། 东乡族ལ་ཏུང་ཤང་རིགས། 羌族ལ་ཆའང་རིགས། 阿昌族ལ་ཨ་ཁྲང་རིགས། 京族ལ་ཅིང་རིགས་སོགས་བསྒྱུར་བ་ལྟ་བུའོ།

    ལྔ། ཟས་རིགས་ཀྱི་མིང་སྒྲ་སྒྱུར་བྱེད་ཐབས།

    དེ་ཡང་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་སོགས་ཅུང་མི་འདྲ་བའི་དབང་གིས་བཟའ་བཅའི་རིག་གནས་དང་སོ་ནམ་རིག་གནས་ཀྱང་ཅུང་མི་འདྲ་བ་བྱུང་ནས་ཐ་སྙད་མི་འདྲ་བ་ཐོན་ཡོད། ཐ་སྙད་དེ་དག་ཡིག་སྒྱུར་བྱེད་སྐབས་གཟབ་གཟབ་མ་བྱས་ན་ནང་དོན་ལོག་པ་དང་གོ་འཛོལ་ཐེབས་པའི་ཉེན་ཁ་ཡོད་པས། ཐ་སྙད་དེ་རིགས་ཡིག་སྒྱུར་བྱེད་སྐབས་སྒྲ་སྒྱུར་བྱས་ན་ལེགས། དེ་བས། རྒྱ་བོད་མི་རིགས་གཉིས་དབར་གནའ་སྔ་མོ་ནས་བཟུང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་མིང་མི་ཉུང་བ་ཞིག་སྒྲ་སྒྱུར་གྱི་ཐོག་ནས་སྤྱོད་བཞིན་ཡོད་པ་དཔེར་ན། 萝卜、西瓜、南瓜、醋、酱油ཞེས་པའི་མིང་རྣམས་བོད་སྐད་དུའང་ལ་ཕུག་དང་། ཞི་ཀྭ ནན་ཀྭ ཚུའུ། ཅང་ཡེའུ་ཞེས་སྒྲ་སྒྱུར་བྱས་ཡོད།

    དྲུག འཇལ་བྱེད་ཀྱི་མིང་སྒྲ་སྒྱུར་བྱེད་ཐབས།

    རིང་ཐུང་དང་ལྗིད་ཚད་སོགས་འཇལ་བྱེད་ཀྱི་མིང་ཕལ་ཆེ་བ་ནི་རྩིས་རིག་དང་དངོས་ལུགས་ཀྱི་རིག་ཚན་གཉིས་སུ་བཀོལ་རྒྱ་ཧ་ཅང་ཆེ་བས། བསླབ་གཞིའི་ཁྲོད་དུའང་། 尺子、寸、米、吨、亩རྣམས་སྒྲ་རང་སོར་བཞག་སྟེ་བསྒྱུར་ཡོད་པ་ནི་ཁྲེ་ཙེ་དང་། ཚུན། སྨི། ཏུན། མུའུ་ལྟ་བུའོ།

    གོང་དུ་བརྗོད་པ་ནི་ནམ་རྒྱུན་མིང་ལོ་ཙཱ་བྱེད་སྐབས་སྤྱོད་མང་བའི་སྒྲ་སྒྱུར་གྱི་སྐོར་ཡིན། གལ་ཏེ་མིང་དེ་དག་ཨུ་ཚུགས་ཀྱིས་དོན་སྒྱུར་བྱས་ན། མིང་རང་སྟེང་གི་གོ་དོན་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས། ས་ཁུལ་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་སོགས་ཉམས་འགྲོ་བ་རེད། དེ་ལ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། སྔོན་གྱི་དུས་སུ་སོན་འདེབས་མི་བྱེད་པའི་ཙོང་དང་། ཀེའུ། ལ་ཕུག སྐེ་ཚེ་སོགས་རྒྱ་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆགས་ཏེ། ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད། དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ་ཞེས་གསུངས་པ་བཞིན། སྒྲ་རང་སོར་འཇོག་དགོས་པའི་གསར་དུ་ཐོན་པའི་མིང་རྣམས་ཨ་ན་ཨུ་ཚུགས་ཀྱིས་དོན་སྒྱུར་བྱེད་པ་ནི་ངལ་བ་འབྲས་མེད་དུ་མཐོང་བས། གང་ལ་དེ་འཚམ་གྱིས་སྒྲ་སྒྱུར་འོས་སར་སྒྲ་སྒྱུར་བྱེད་རྒྱུ་ནི་ཐབས་ཀྱི་དམ་པའོ། (ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཁྱི་ལོད་གྲགས་པས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།