དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མས《ལེགས་བཤད་ལྗོན་དབང》བློར་འཛིན་ཐབས་དང་དེའི་དགེ་མཚན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བློ་བཟང་མཐར་ཕྱིན།   |     སྤེལ་དུས།  2024-06-07

    《ལེགས་བཤད་ལྗོན་དབང》ནི་བོད་སྐད་ཡིག་སྦྱོང་མཁན་ཞིག་ལ་མཚོན་ན་བརྡ་སྤྲོད་ཀྱི་རྨང་གཞི་ཡིན་པས། སློབ་ཆུང་སློབ་མ་ཚོས་དེའི་རྩ་ཚིག་བློར་འཛིན་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། གཤམ་དུ་གུས་པས་རང་གི་ལོ་མང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། སློབ་ཆུང་སློབ་མར《ལེགས་བཤད་ལྗོན་དབང》བློར་འཛིན་ཐབས་དང་བློར་བཟུང་ན་དགེ་མཚན་གང་ཡོད་སྐོར་མདོར་ཙམ་གླེང་བར་བྱའོ།

    དང་པོ། སློབ་ཆུང་སློབ་མས་ལེགས་བཤད་ལྗོན་དབང་བློར་འཛིན་ཐབས་སྐོར།

    གཅིག དགེ་རྒན་གྱི་ངོས་ནས་བཤད་ན། དགེ་རྒན་གྱིས་སློབ་ཆུང་སློབ་མའི་བློ་རིག་གསལ་བའི་ན་ཚོད་དམ་འཛིན་དང་ལོ་རིམ་དམའ་བའི་སློབ་མར་སློབ་ཚན་ཅུང་ཉུང་བར་དམིགས་ཏེ། 《ལེགས་བཤད་ལྗོན་དབང》སྔ་ཙམ་བློར་འཛིན་རྒྱུར་སྐུལ་མ་བཏང་ནས། སློབ་མའི་རྒྱུད་ལ་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཚུགས་པར་རམ་འདེགས་བྱེད་དགོས་ཤིང་། དགེ་རྒན་རང་ཉིད་ཀྱིས་ཀྱང《ལེགས་བཤད་ལྗོན་དབང》སྒྲ་དག་ལ་གཅོད་མཚམས་གསལ་པོས་ཐེངས་མང་བཀླགས་ཏེ་སློབ་མས་གོ་རིམ་དང་གཅོད་མཚམས་གསལ་པོས《ལེགས་བཤད་ལྗོན་དབང》སྐྱོར་སྦྱང་དང་། གང་མགྱོགས་བློར་འཛིན་ཐུབ་པར་མཐུན་རྐྱེན་སྐྲུན་པའམ་སླད་ཕྱིན་ཡིད་ལ་བརྟན་པོར་ངེས་ཐབས་བྱེད་དགོས། ད་དུང་དྲ་ཐོག་ནས《ལེགས་བཤད་ལྗོན་དབང》གི་སློབ་ཚན་གྱི་ནང་དོན་འཁོད་པའི་ཚད་ལྡན་སྒྲ་དང་བརྙན་ཐུང་ཕབ་ལེན་བྱས་ནས་སློབ་མ་སོ་སོས་སློབ་གསེང་དུས་ཚོད་ནང་རང་སྦྱོང་ཧུར་ཐག་བྱེད་པར་ལྕག་སྐུལ་རྒྱག་དགོས།

    གཉིས། སློབ་མའི་ངོས་ནས་བཤད་ན། དེ་ཡང་། གུང་ཐང་བསྟན་པའི་སྒྲོན་མེས། དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །རྩོད་གྲྭ་མི་ནུས་ཆོས་གྲྭ་དོན་མེད་འདའ། །སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས། །འདི་དག་སློབ་གཉེར་གེགས་པའི་གཙོ་བོ་ཡིན། །ཞེས་གསུངས་པ་ལྟར། སློབ་མས་ནམ་ཞག་རྒྱུན་དུ་སྒྱིད་ལུག་དང་ལེ་ལོའི་དབང་དུ་མ་ཚུད་པ་དང་། སློབ་སྦྱོང་ནི་ཁུར་པོ་ཞིག་ཏུ་མི་འཛིན་པར་རང་གི་མི་ཚེའི་རྒྱན་ཆ་ཞིག་ཏུ་འཛིན་པ། ཤེས་བྱ་བློར་འཛིན་རྒྱུ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཀྱི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཏུ་བརྩིས་ནས། ཆུང་དུས་ནས་ཤེས་བྱ་སྣ་ཚོགས་བློར་འཛིན་པར་གོམས་པ་དང་། བློར་འཛིན་པར་སྤྲོ་བ། བློར་འཛིན་པར་མཁས་པའི་སློབ་མ་ཞིག་ཏུ་འགྱུར་བར་འབད་དགོས། ད་དུང་། ཤེས་བྱ་བློར་འཛིན་རྒྱུ་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཐུན་མོང་མ་ཡིན་པའི་ཐབས་ལམ་ཞིག་ཀྱང་ཡིན་པས། བོད་སྐད་ཡིག་སློབ་གསོའི་སློབ་ཁྲིད་སྐབས་སློབ་མས་ཤེས་བྱ་བློར་འཛིན་རྒྱུར་དམིགས་ནས་སུམ་རྟགས་རྩ་བ་དང་འབྲེལ་བའི《དཀའ་གནད་གསལ་བའི་མེ་ལོང》དང《བྱིས་པ་དག་ཡིག》སོགས་རང་གི་ཤེས་ཚད་དང་མཐུན་པའི་དཔེ་དེབ་མང་ཙམ་ལྟ་ཀློག་བགྱིས་ཏེ་བློར་འཛིན་ཐུབ་པ་དང་ཡིད་ལ་འཇགས་པར་བྱེད་དགོས། མ་གཞི་ཤེས་བྱ་བློར་འཛིན་རིང་རང་ཉིད་ཀྱི་བསམ་ཚོད་ལས་འདས་པའི་དཀའ་ངལ་དང་བར་ཆད་ངེས་ཅན་འཕྲད་སྲིད་ཀྱང་། སློབ་མ་ཚོས་བློར་འཛིན་རིང་འཕྲད་པའི་གནས་སྐབས་ཀྱི་བར་ཆད་དམ་དཀའ་ངལ་ཕྲན་བུར་གཉའ་ཞུམ་པ་དང་དཔའ་འཁུམ་ནས་མ་བསྡད་པར། རང་གིས་རང་ལ་ཡིད་ཆེས་ཀྱིས་བརྩོན་འགྲུས་ཀྱི་རྒྱུན་བསྐྱངས་ན་སྒྲུབ་མི་ཐུབ་པ་ཅི་ཡང་མེད་པའི་ངེས་ཤེས་འདྲོངས་དགོས་ཏེ། ཇི་སྐད་དུ། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིག་ལ་ལྟོས་ཞེས་པ་ལྟར་རོ།

    གསུམ། སློབ་མ་སོ་སོས་སློབ་གསེང་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ཏེ། རང་དང་འཚམ་པའི་སློབ་སྦྱོང་གི་འཆར་གཞི་བཟོས་ནས། བློར་འཛིན་དགོས་ངེས་ཀྱི་ཉིན་རེའི་སློབ་ཚན་གྱི་ནང་དོན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་བྱེད་དགོས། སྤྱིར་ན་བློ་འཛིན་གྱི་དུས་ཚོད་འཚམ་ཤོས་ནི་ཞོགས་པ་དང་དགོང་མོ་ཡིན་པར་བཞེད་ཅིང་། དེ་བས་ཐོ་རེངས་དང་ས་སྲོད་ཀྱི་དུས་མཚམས་ནི་བློ་འཛིན་གྱི་དུས་ཚོད་ཡག་ཤོས་དང་གལ་ཆེ་ཤོས་ཡིན་པ་ནི་ཡོངས་གྲགས་ཀྱི་ཉམས་མྱོང་ཡིན་པས། སློབ་མ་ཚོས་སྔ་དགོང་གཉིས་སུ་སྐད་གདངས་གསལ་ལ་སྒྲ་དག་པོས《ལེགས་བཤད་ལྗོན་དབང》ཐེངས་མང་ཀློག་དགོས་པ་དང་། ཀློག་ཞོར་དུ་བློར་འཛིན་སྐབས་ཀྱང་ནེ་ཙོའི་ཁ་ཏོན་ལྟ་བུ་མ་ཡིན་པར། ནང་དོན་གྱི་གོ་རིམ་མམ་དམིགས་བསལ་གྱི་ཚིག་ལ་དོ་སྣང་བྱེད་དགོས་པ་དཔེར་ན། བྱེད་འབྲེལ་གཉིས་དང་སླར་བསྡུ་དང་འབྱེད་སྡུད་ལྟ་བུའི་སྦྱོར་ཚུལ་མན་ངག་རིགས་འགྲེ་ནས་སྦྱོར་ཆོག་པའི་ཆོས་ཉིད་སོགས་ཁོང་དུ་ཆུད་པར་བྱེད་དགོས།

    གཉིས་པ། 《ལེགས་བཤད་ལྗོན་དབང》བློར་འཛིན་པ་ལས་ཐོབ་པའི་དགེ་མཚན་སྐོར།

    གཅིག ལྟ་ཀློག་གི་ཆུ་ཚད་གོང་མཐོར་གཏོང་བར་ཕན་པ། སློབ་ཆུང་གི་བོད་སྐད་ཡིག་བསླབ་གཞིའི་ནང་རྒྱལ་ཁབ་ཕྱི་ནང་གི་གྲགས་རྩོམ་མང་པོ་དང་མི་སྣ་རླབས་ཆེན་གྱི་རྟོགས་བརྗོད། ལེགས་ཉེས་བླང་དོར་དང་བསླབ་བྱའི་ནང་དོན་སྟོན་པའི་སྒྲུང་གཏམ་དང་ལེགས་བཤད། བསྟན་བཅོས་ལ་སོགས་སློབ་མའི་ལོ་ཚོད་དང་འཚམ་པའི་ནང་དོན་མང་པོ་བཀོད་སྒྲིག་བྱས་ཡོད་ཀྱང་། སློབ་མའི་རྒྱུད་ལ་བརྡ་སྤྲོད་ཀྱི་རྨང་གཞིའི་ཤེས་བྱ་ཚགས་ཚུད་པོ་ཞིག་མེད་ན། བཀླག་བྱའི་ནང་དོན་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྒྱུ་ལྟ་ཅི། ཐ་ན་འཁོན་ཐོགས་མེད་པར་ཐེངས་གཅིག་ཀློག་པར་ཡང་འོ་བརྒྱལ་བཟོ་ངེས་ཡིན། དེས་ན། སློབ་མར་སྔ་ཙམ་ནས་བརྡ་སྤྲོད་ཀྱི་རྨང་གཞིའི་ཤེས་བྱའི་གྲས་སུ་གཏོགས་པའི《ལེགས་བཤད་ལྗོན་དབང》བློར་འཛིན་དུ་བཅུག་ན། ཁོང་ཚོའི་དཔེ་དེབ་ལྟ་ཀློག་གི་ཆུ་ཚད་གོང་མཐོར་འགྲོ་ངེས་ཡིན།

    གཉིས། སྐད་ཡིག་གི་རྒྱུ་ཆ་གསོག་ཐུབ་པ། ཇི་སྐད་དུ། རྩོམ་ཚིག་སུམ་རྟགས་ཇི་བཞིན་མ་བྱུང་ན། །མཁས་པ་ཤིན་ཏུ་ཁྲེལ་བའི་བག་ཡོད་བྱ། །ཞེས་པ་ལས་བརྡ་སྤྲོད་ཀྱི་གལ་ཆེའི་རང་བཞིན་རྟོགས་ཐུབ། སློབ་ཆུང་སློབ་མ་ཞིག་གི་ངོས་ནས《ལེགས་བཤད་ལྗོན་དབང》བློར་འཛིན་རྒྱུ་ནི་བརྡ་སྤྲོད་ཀྱི་རྨང་གཞིར་འཇུག་པའི་སྒོ་མོ་ལྟ་བུར་གྱུར་ཡོད་པས། 《ལེགས་བཤད་ལྗོན་དབང》བདེ་བླག་ངང་བློར་འཛིན་ཐུབ་པ་བྱ་རྒྱུ་ནི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་འཇུག་པའི་གོམ་པ་དང་པོ་དང་སྐད་ཡིག་སྦྱོང་སྤྱོད་ཀྱི་རྨང་གཞི་ལྟ་བུ་ཡིན།

    གསུམ། ཁ་སྐད་ཀྱི་འབྲེལ་འདྲིས་ལ་བྱང་བར་ཕན་པ།

    དེང་གི་སྤྱི་ཚོགས་སུ། མི་རྣམས་ཀྱིས་ཁ་སྐད་ཀྱི་ནུས་པ་སྦྱོང་བརྡར་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ཚོགས་དང་། སློབ་གྲྭ དེ་བཞིན་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་སྐད་ཆར་བརྟེན་ནས་མི་དང་མི་ཕན་ཚུན་དབར་འབྲེལ་འདྲིས་བྱས་ཏེ། རང་ཉིད་ཀྱི་བསམ་ཚུལ་དང་། དགོས་མཁོ། བསམ་འཆར་སོགས་མཚོན་བཞིན་ཡོད་པས། ང་ཚོས་སློབ་ཆུང་སློབ་མའི་སྐབས་ནས་འགོ་བརྩམས་ཏེ། ཁོང་ཚོའི་སྨྲ་བརྗོད་ཀྱི་ནུས་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཆེ་བར་མཐོང་བས། གལ་ཏེ་ང་ཚོས་སློབ་མ་ཚོར《ལེགས་བཤད་ལྗོན་དབང》བློར་འཛིན་དུ་བཅུག་ན། ཁོང་ཚོས་སྐད་ཆའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་རྒྱུས་མངའ་ལེན་པར་ཕན་པ་མ་ཟད། ཁ་སྐད་འབྲེལ་འདྲིས་ལ་བྱང་བར་ཡང་ཕན་པས། དེའང་གཅིག་གོ་ཉིས་ཆོད་ཀྱི་ཐབས་ལམ་ཡག་པོ་ཞིག་ཡིན་ནོ། (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་དགེ་རྒན་བློ་བཟང་མཐར་ཕྱིན་གྱིས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།