དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོས།

    2024ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-07

    ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་2024ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་ནི“ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ན། ཚེ་གང་འཚོ་བར་སེམས་ཁྲལ་མི་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་སྤེལ་དོན་ནི་སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་ལས་རིགས་སློབ་གསོར“མདུན་ལམ་ཡངས་ཤིང་སྤྱོད་སྒོ་ཆེ་བའི”སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་བཙུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་། ལྷ་ས་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དེ་མེད་པ་ནས་ཡོད་པའི་བར་དང་། འཁོས་ཞན་ནས་རིམ་བཞིན་སྟོབས་ཆེར་སོང་བའི་བར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་ཡོད། མིག་སྔར་འབྲིང་རིམ་ལས་རིགས་ཆེད་ལས་ཁག་20བཙུགས་པའི་ནང་ལོ་ཏོག་ཐོན་སྐྱེད་ལག་རྩལ་དང་། ཞིང་འཕྲུལ་བེད་སྤྱོད་དང་ཉམས་བཟོ། རླངས་འཁོར་བེད་སྤྱོད་དང་ཉམས་བཟོ་བཅས་ཀྱི་ཆེད་ལས་ནི་རང་ལྗོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཆེད་ལས་སུ་གྱུར་ཡོད་པ་རེད།

    འདི་ལོའི་བྱེད་སྒོའི་གཟའ་འཁོར་རིང་། སློབ་གྲྭས་ལས་རིགས་རྩལ་ནུས་འགྲན་བསྡུར་དང་། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་སྤེལ་རེས། སློབ་ཁྲིད་གྲུབ་འབྲས་འགྲེམས་སྟོན། སློབ་རའི་སྒོ་འབྱེད་ཉིན་མོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སོ་སོའི་འཇོན་ཐང་ངོམ་པ་དང་སྤེལ་རེས་སློབ་སྦྱོང་གི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ། དེའི་ནང་ཞུགས་མཁན་ཚང་མས་ལས་རིགས་སློབ་གསོའི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་ཚོར་ཐུབ་པ་དང་། གཞོན་སྐྱེས་སློབ་མ་དེ་བས་མང་བ་ལས་རིགས་སློབ་གསོའི་དཔུང་ཁག་ནང་ཞུགས་པའི་སྤྲོ་སེམས་དང་གདེང་ཚོད་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།