དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལམ་ཐག་ལེ་དབར་ཁྲི་ཕྲག་བརྒལ། བྱིས་པའི་སེམས་ལ་རེ་བ་སྦྱིན།

    —— “ཕོ་ཉའི་བྱ་སྤྱོད”ཀྱི་2024ལོའི་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་དབྱེ་བཤེར་དང་རོགས་སྐྱོབ་བྱ་སྤྱོད་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-06

    “དྲུག་གཅིག”བྱིས་པའི་དུས་ཆེན་གྱི་ཉིན་དེར་བོད་ལྗོངས་ཀྱི་འབྲོག་པ་དགའ་བསྟོད་ལ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣའི་ཁ་པར་འབྱོར་ཞིང་། ཁོང་གི་བུ་ལ་སྨན་བཅོས་དང་བླངས་རུ་ཁག་གིས་མཉམ་བསྡུས་ནད་དཔྱད་བྱས་པ་བརྒྱུད་གཤགས་བཅོས་ཀྱི་ཆ་རྐྱེན་ལོན་པ་དང་ཉེ་ཆར་མུའུ་ཏན་ཅང་སྙིང་ཁམས་ཁྲག་རྩའི་སྨན་ཁང་དུ་རིན་མི་དགོས་པར་ལྷན་སྐྱེས་སྙིང་ནད་ཀྱི་གཤགས་བཅོས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཁོང་གི་བུ་པད་མ་བསམ་གྲུབ་འདི་ལོ་ལོ་14ལ་སླེབས་ཀྱང་གཟུགས་པོའི་རིང་ཚད་ལ་སྨི་1.29ལས་མེད། དམའ་རིམ་སློབ་འབྲིང་གི་སློབ་རིམ་དང་པོ་འགྲིམ་རྗེས་ནད་གཞིའི་དབང་གིས་སློབ་གྲྭར་འགྲོ་ཐུབ་མེད། འོན་ཀྱང་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པས་བརྟག་དཔྱད་དང་སྨན་བཅོས་ཞིབ་ཕྲ་བྱེད་མྱོང་མེད།

    ཉིན་གསུམ་གྱི་གོང་དུ་བུའི་འཛིན་བདག་གིས་ཁོང་ཚོར་སྨན་ཁང་ཆེན་པོའི་རིགས་གཅིག་མཁས་ཅན་འདི་གར་ཡོང་ནས་རིན་མེད་ངང་ཕྲུ་གུ་ཚོའི་སྙིང་ལ་བརྟག་དཔྱད་བྱེད་ཀྱི་རེད་ཅེས་བཤད་པ་རེད། དེ་འཕྲལ་དགའ་བསྟོད་ཀྱིས་བུ་ཁྲིད་དེ་འབྲོག་ཁུལ་ནས་རླངས་འཁོར་ལ་ཆུ་ཚོད་ལྔ་ལྷག་ཙམ་བསྡད་རྗེས་སློབ་གྲྭར་འབྱོར།

    སྙིང་གི་ཚད་འདས་སྒྲ་རླབས་བརྟག་དཔྱད་བྱས་པ་བརྒྱུད་པད་མ་བསམ་འགྲུབ་ལ་ལྷན་སྐྱེས་སྙིང་ནད་ཡོད་པ་ཤེས། དེ་ནི་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་རྐྱེན་གཙོ་བོ་ཡིན་པས་གཤགས་བཅོས་བྱེད་དགོས་ཀྱི་ཡོད།

    ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣས་དགའ་བསྟོད་ལ་བུ་གཤགས་བཅོས་བྱེད་རིང“ཀྲུང་དབྱང་གི་ཆེད་དམིགས་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་ནད་ཆེན་བྱིས་པའི་རོགས་སྐྱོབ་རྣམ་གྲངས”དང་དེ་བཞིན་སྤྱི་ཚོགས་ཀྱི་གཅེས་སེམས་ཞལ་འདེབས་མ་དངུལ་གྱི་རོགས་སྐྱོབ་ལོངས་སུ་སྤྱོད་ཐུབ་པས་རང་ངོས་ནས་གཤགས་བཅོས་ཀྱི་འགྲོ་གྲོན་གང་ཡང་གཏོང་དགོས་ཀྱི་མེད་པ་མ་ཟད། ཕྲུ་གུར་གཤགས་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་རྒྱུན་གཏན་གྱི་གྲོགས་པོ་ཆུང་ཆུང་ཚོ་དང་འདྲ་བར་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་ཅེས་བཤད་པས། ཁོང་གི་སེམས་ཁྲལ་དང་དངངས་སྐྲག་རིམ་བཞིན་འཇགས།

    “གྲངས་གཞི་ལས་མངོན་པར། ས་མཐོའི་ས་ཁུལ་དུ་ལྷན་སྐྱེས་སྙིང་ནད་ཕོག་ཚད་སྡེར་ཐང་ས་ཁུལ་དང་ས་བབ་དམའ་བའི་ས་ཁུལ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པས་སྙིང་ནད་ཕོག་པའི་བྱིས་པ་དེ་བས་མང་བར་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་བྱེད་དགོས་ཀྱི་འདུག”ཅེས་མུའུ་ཏན་ཅང་སྙིང་ཁམས་ཁྲག་རྩའི་ནད་ཀྱི་སྨན་ཁང་གི་སྙིང་ཁམས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་འབུམ་རམས་པ་ཅིན་ཀྲུང་ཆང་གིས་བཤད། ཁོང་གིས་ལོ་6རིང“ཕོ་ཉའི་བྱ་སྤྱོད”ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དབྱེ་བཤེར་དང་རོགས་སྐྱོབ་བྱ་སྤྱོད་ཐེངས་7ལ་ཞུགས་ནས་བོད་ཀྱི་བྱིས་པ་240ལྷག་ཙམ་ལ་བདེ་བླག་ངང་གཤགས་བཅོས་བྱས་ཡོད།

    ད་ཐེངས་ཀྱི“ཕོ་ཉའི་བྱ་སྤྱོད”ཀྱི་2024ལོའི་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་དབྱེ་བཤེར་དང་རོགས་སྐྱོབ་ཀྱི་བྱ་སྤྱོད་ནི་ཟླ་5ཚེས་27ཉིན་ནས་ཟླ་6ཚེས་7ཉིན་བར་དུས་ཡུན་ཉིན་12སྤེལ་རྒྱུ་ཡིན་ཞིང་། དེའི་རིང་སྨན་བཅོས་དང་བླངས་རུ་ཁག་གཞིས་རྩེ་གྲོང་ཁྱེར་གྱི་ས་སྐྱ་རྫོང་དང་། སྐྱིད་གྲོང་རྫོང་། བཞད་མཐོང་སྨོན་རྫོང་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་བྱིས་གསོ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རིན་མེད་ཀྱི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱ་རྒྱུ་དང་འབྲེལ་དེ་སྔོན་གཤགས་བཅོས་བྱས་པའི་བྱིས་པ་ཁག་གཅིག་ལ་བསྐྱར་དུ་བརྟག་དཔྱད་བྱ་རྒྱུ་རེད།

    ཟླ་5ཚེས་28ཉིན་སྨན་བཅོས་དང་བླངས་རུ་ཁག་རི་ཀླུང་མང་པོ་བརྒལ་ནས་ས་བབ་སྨི་4500ཙམ་ཟིན་པའི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་མོ་ལྷ་ཤང་མདའ་རྐྱང་གྲོང་ཚོར་སྒྲོལ་མ་དབྱངས་སྐྱིད་དང་པད་མ་ཚེ་ཕན་མིང་སྲིང་གཉིས་ལ་ལྟ་བར་བསྐྱོད་པ་རེད།

    མིང་སྲིང་དེ་གཉིས་ནི་2021ལོར་ཀྲུང་དབྱང་གི་ཆེད་དམིགས་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་རོགས་སྐྱོར་འོག་ལྷན་སྐྱེས་སྙིང་ནད་གཤགས་བཅོས་བྱས་པ་ཞིག་ཡིན་ཞིང་། བསྐྱར་དུ་བརྟག་དཔྱད་བྱས་པ་ལྟར་ན་ད་ཆ་ཁོ་མོ་གཉིས་ཧ་ཅང་ཐང་པོ་ཡོད་པ་རེད།

    རང་ཉིད་ལ་ཚེ་སྲོག་གསར་པ་སྦྱིན་མཁན་གྱི་སྨན་པ་ཚོ་སླར་ཡང་མཐོང་སྐབས་མིང་སྲིང་གཉིས་དགའ་ཚོར་དང་བཅས་ཁོང་ཚོའི་འགྲམ་དུ་བཅར་ནས་ལོ་འགའི་རིང་ཐོབ་པའི་བྱ་དགའ་སྣ་ཚོགས་ཚང་མར་བསྟན་ནས་རང་ཉིད་འཚར་ལོངས་ཡག་པོ་བྱུང་ལུགས་བརྗོད་པ་མ་ཟད། ད་དུང་མཉམ་དུ་ཞབས་བྲོ་ཡང་འཁྲབ་པ་རེད།

    “ང་ཚོས་རོགས་དངུལ་དང་སྨན་བཅོས་ཐོན་ཁུངས་སྤུས་ལེགས་དགོས་མཁོ་ཡོད་པའི་བྱིས་པར་སྤྱོད་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་གྱི་ཡོད”ཅེས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱན་ཤོག་སྤྱི་ཕན་མ་དངུལ་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཅའོ་ཞའོ་ཝུའེ་ཡིས་བཤད་པ་དང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2013ལོ་ནས་ད་བར་ཀྲུང་དབྱང་གི་ཆེད་དམིགས་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་སྨན་བཅོས་དང་བླངས་རུ་ཁག་6སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་བོད་དུ་ཐེངས་14བསྐྱོད་དེ“ཕོ་ཉའི་བྱ་སྤྱོད”ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་དབྱེ་བཤེར་དང་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ཞིང་། ནག་ཆུ་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ། ཉིང་ཁྲི། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་དུ་དབྱེ་བཤེར་བྱས་ནས་རིམ་རྩིས་བྱས་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་600ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།