དེང་གི་རྒྱ་བོད་ལོ་ཙཱའི་གནས་བབ་སྐོར་ཅུང་ཟད་གླེང་བ།
ལོ་ཙཱའི་བྱ་གཞག་གིས་མིའི་རིགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་སོགས་ཀྱི་ལས་དོན་ཁྲོད་མེད་དུ་མི་རུང་བའི་ཕན་ནུས་གལ་ཆེན་ཞིག་ཐོན་ཡོད་ལ། བོད་མི་རིགས་ཀྱི་མཚར་སྡུག་འོད་སྟོང་འཕྲོ་བའི་སྲོལ་རྒྱུན་རིག་གནས་དང་། ཡུལ་གོམས་གཤིས་ལུགས། དེ་བཞིན་ལོ་རྒྱུས་སོགས་ཕུལ་དུ་བྱུང་བའི་རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་། ཕྱིའི་གསར་དར་རིག་གནས་དང་ཚན་རིག་ཤེས་བྱ། སྔོན་ཐོན་གྱི་ལག་རྩལ་སོགས་ལ་སློབ་སྦྱོང་དང་ནང་འདྲེན་བྱེད་པར་ལོ་ཙཱའི་བྱ་གཞག་གིས་ཚ་ལ་བརྒྱབ་པ་ལྟ་བུའི་ནུས་པ་གལ་ཆེན་ཐོན་དང་ཐོན་མུས་ཡིན་ལ། ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྲིད་ཇུས་དང་། སློབ་གསོ། ཁྲིམས་ལུགས་ཤེས་བྱ། བསམ་བློ་ཆབ་སྲིད་སོགས་རང་མི་རིགས་ཀྱི་སྐད་ཡིག་ལ་ཕབ་ནས་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་སེམས་དབུས་ཀྱི་འདུན་པ་དང་བརྗོད་འདོད་པའི་སེམས་གཏམ་ཕྲ་མོ་གོང་རིམ་ལ་ཞུ་བར་ལོ་ཙཱའི་བྱ་བས་ཆུ་བོ་སྒྲོལ་བའི་ཟམ་པ་ལྟ་བུའི་ནུས་པ་གལ་ཆེན་ཐོན་གྱི་ཡོད།
ཡིན་ནའང་། དེང་གི་ཆར་རྒྱ་བོད་ལོ་ཙཱའི་བྱ་བར་འགྱུར་མ་མང་ཡང་འགྱུར་སྤུས་ཅུང་ཞན་པ་དང་གཅིག མ་ཡིག་ལ་བསྟུན་རྒྱུ་མི་འདང་བ་དང་གཉིས། ཡུལ་ལུང་གི་མིང་བརྡ་མང་བས་འགྱུར་མའི་དོན་རྟོགས་དཀའ་བར་གྱུར་པ་དང་གསུམ་བཅས་མི་འདང་བའི་ཆ་ཉུང་ཤས་ཐོན་མུས་ལགས་པས། གཤམ་དུ་དེའི་སྐོར་ལ་རགས་ཙམ་གླེང་ན།
དང་པོ། དེང་སྐབས་རྒྱ་བོད་ལོ་ཙཱའི་གནས་བབ།
(གཅིག) འགྱུར་མ་མང་ཡང་འགྱུར་སྤུས་ཅུང་ཞན་པ།
དུས་རབས་འཕེལ་རྒྱས་ཀྱི་གོམ་བགྲོས་དང་བསྟུན་ནས་ང་ཚོའི་ཉེ་འགྲམ་དུ་བྱ་དངོས་གསར་པ་མང་དག་ཅིག་མངོན་ལྐོག་གང་རུང་ཐོན་པ་དང་དུས་མཚུངས། ལོ་ཙཱའི་བྱ་བར་གཞོལ་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་མང་ནས་མང་དུ་འགྲོ་བཞིན་ཡོད། ཅོལ་ཆུང་འགའ་རེས་སྐད་གཉིས་སྨྲ་བའམ་ལོ་ཙཱ་བ་ནི་རྒྱ་བོད་ཡིག་རིགས་གཉིས་ཤེས་པ་ཙམ་ལ་ངོས་འཛིན་པ་ནི་ཁྲོན་པའི་ནང་གི་སྦལ་ པའི་ངང་ཚུལ་ལས་མ་འདས། འོ་ན་སྐད་གཉིས་ཤེས་པ་ཙམ་གྱིས་ལོ་ཙཱའི་བྱ་བ་ཡང་དག་ཅིག་འཁྱོངས་ན་སྔོན་བྱོན་མཁས་པ་རྣམས་ཀྱིས་གསེར་དངུལ་མང་པོ་དོད་དུ་གཏོང་བ་དང་ཐ་ན་རང་སྲོག་དོར་ལ་མ་ལྟོས་པར་དཀའ་བ་ཚད་མེད་སྤྱད་པར་དེ་འདྲའི་བརྩི་མཐོང་མེད་པར་སྣང་།
ཚན་རྩལ་དར་ཁྱབ་ཆེ་བའི་དེང་གི་ཆར་འཕྲུལ་ཆས་ཡིག་སྒྱུར་གྱི་ཚ་རླབས་ཡང་དེ་དང་བསྟུན་ནས་དགུང་དུ་འཕྱུར་བཞིན་ཡོད། མ་གཞི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་པ་ནི་བཟང་མོད་ཀྱི་ཁྲལ་སེལ་སླ་བཅོས་བྱེད་པའམ་རང་གི་ཁེ་ཕན་ཁོ་ན་དོན་དུ་གཉེར་བ་ནི་ལོ་ཙཱའི་བྱ་བར་འགན་སེམས་མེད་པའི་བྱེད་སྟངས་ཤིག་མིན་ན་ཅི། དེ་སྔའི་ལོ་ཙཱའི་གྲངས་འབོར་ནི་མི་རིགས་ཤིག་ལ་མཚོན་ན་དེ་ཙམ་གྱིས་མང་པོ་མིན་ཡང་། ཡོད་པ་དག་ནི་རྣམ་དཔྱོད་ཀྱི་ཤེས་རབ་འབར་ཞིང་། ལོ་ཙཱར་འགན་སེམས་ཆེ་བས་བསྒྱུར་གྱི་སྤུས་ཚད་ཀྱང་འཛམ་གླིང་གི་རྩེ་མོར་སོན་ཞིང་། འཛམ་གླིང་གི་སྐྱེ་བོའི་ཡིད་སྨོན་གྱི་མིག་ཟུང་རང་རེར་ཕྱོགས་པའི་རི་བོའི་གཏོས་དང་མཉམ་པའི་བརྩམས་ཆོས་ཐོན་པ་ནི་ད་ལྟའི་མིག་དཔེར་འོས་སོ།
དེས་ན་དེང་དུས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བྱའི་གཞུང་གང་ཡིན་ཡང་བོད་འབྲེལ་ས་ཁུལ་གྱི་ཀློག་པ་པོ་ཡོངས་ཀྱིས་གོ་ནུས་པ་དང་བརྡ་སྤྲོད་ཀྱི་གཞུང་དང་ཡང་མཐུན་པར་བྱས་ནས་མ་ཡིག་གི་གང་བརྗོད་པར་འདོད་པའི་ནང་དོན་འདི་བུ་ཡིག་གིས་དགོས་མེད་ཀྱི་བསྣོན་འཕྲི་མེད་པར་ཇི་མ་ཇི་བཞིན་ཀློག་པ་པོར་གོ་བརྡ་སྤྲོད་ནུས་པར་བྱས་ན་ད་གཟོད་སྔོན་བྱོན་མཁས་པ་དམ་པ་རྣམས་ཀྱི་དགོངས་པ་དང་མི་འགལ་ལ། མི་རིགས་འདིའི་རིག་གནས་སྤྱི་འཕེལ་རྒྱས་ཡོང་བར་དངོས་དངོས་རྗེན་རྗེན་དང་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོན་ཐུབ་ལ་རང་གི་མི་ཚེ་འདི་ཡང་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་བ་ནི་གདོན་མི་ཟ།
(གཉིས) མ་ཡིག་ལ་བསྟུན་རྒྱུ་མི་འདང་བ།
རང་སེམས་གཅུན་དཀའ་ཞིང་། གཞན་སེམས་རྟོགས་དཀའ་བ་ལྟར། ལོ་ཙཱའི་བྱ་བ་ནི་གསར་རྩོམ་ལས་དཀའ་ཁག་ཆེ་བ་ཞིག་རེད། བྱ་དངོས་འགའ་ཞིག་ལ་ལོ་ཙཱ་བ་དང་མ་ཡིག་གི་རྩོམ་པ་པོ་གཉིས་ཀྱི་གོ་བ་ལེན་ཚུལ་མི་འདྲ་ཡང་མ་ཡིག་གི་རྩོམ་པ་པོའི་བསམ་བློ་དང་བསྟུན་དགོས། གསར་རྩོམ་བྱེད་སྐབས་རྩོམ་པ་པོས་རང་ཉིད་ཀྱི་འདོད་འདུན་དང་བསྟུན་ནས་བརྩམས་བྱ་འབྲི་ཆོག འོན་ཀྱང་ལོ་ཙཱའི་བྱ་བ་ནི་དེ་ལས་ལྡོག་སྟེ་མ་ཡིག་གི་རྩོམ་པ་པོའི་དགོངས་པ་དང་བསྟུན་དགོས་པ་ལས་ལོ་ཙཱ་བ་རང་ཉིད་ཀྱིས་གང་བསམ་གང་དྲན་གྱིས་བསྒྱུར་ན་མི་འཐད་དེ། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས“གཞུང་གིས་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩོམ་པ་པོས་ཇི་ལྟར་བརྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ”ཞེས་གསུངས། དེང་རབས་སློབ་གསོའི་ཆ་རྐྱེན་ལེགས་ལ་སློབ་མ་རྣམས་ལ་ཤེས་རིག་སྣ་ཚོགས་སྦྱོང་བའི་གོ་སྐབས་བཟང་བས། ལོ་ཙཱ་བ་དག་གི་རིག་གནས་ཆུ་ཚད་ཀྱང་མི་དམན་པ་ཞིག་ཡོད་པས་རང་སོ་སོའི་ལྟ་བ་དང་བསམ་ཚུལ་ཡང་མི་འདྲ་བ་མང་པོ་མཆིས། དེས་ན་མ་ཡིག་གི་གཞུང་ལ་དེ་ལྟར་དུ་བྲིས་ན་ནོར་འཁྲུལ་རེད་སྙམ་ནས་རང་ཉིད་ཀྱི་འདོད་པ་བཞིན་བསྒྱུར་ན་བསྒྱུར་གྱི་རྩ་དོན་ལས་འགལ་འགྲོ་བས། ལོ་ཙཱ་བས་ཇི་ལྟར་གསལ་བ་དེ་ལྟར་དུ་བསྒྱུར་བ་ལས་རང་འདོད་ལྟར་བཟོ་བཅོས་དང་ནང་དོན་འདོར་བ་སོགས་ནི་གཏན་ནས་སྤངས་དགོས།
(གསུམ) ཡུལ་ལུང་གི་མིང་བརྡ་མང་བས་འགྱུར་མའི་དོན་རྟོགས་དཀའ་བ།
གངས་ལྗོངས་ས་མཐོ་ས་རྒྱ་ཆེ་ལ། འཚོ་བའི་ཁོར་ཡུག་མི་འདྲ་བ་དང་། གནམ་གཤིས་ཀྱི་ཆ་རྐྱེན་མི་འདྲ་བའི་རྐྱེན་གྱིས་འཚོ་བའི་རྟེན་ས་ཡང་མི་འདྲ་ལ། ཡུལ་ལུང་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ཡུལ་སྐད་ཀྱང་མི་འདྲ་བ་ཡོད། མཁས་མཇུག་ལས“འགའ་ཞིག་ཡུལ་ཐ་དད་ཀྱི་སྐད་ཀྱི་ལུགས་སུ་བསྒྱུར་བས་འགའ་ཞིག་ལ་མ་བསྒྲགས་པའི་སྟོབས་ཀྱིས་མ་ཤེས་པར་སོང་བ་ཡོད”དཔེར་ན་མདའ་ལ་ཉག་ཕྲན། གཤོལ་ལ་ཐོང་པ། གཞོང་པ་ལ་ཡོལ་གོ ལག་པ་ལ་སུག་པ། གཞོན་པ་ལ་ཕྱུགས་ཆུང་ལ་སོགས་པ་ཡུལ་ཕན་ཚུན་དུ་མ་གྲགས་པ་བསྒྱུར་བས་གོ་དཀའ་བ་ཡོད། མ་གཞི་བོད་འབྲེལ་ས་ཁུལ་ལ་ཐུན་མོང་ཐོག་དང་ལེན་བྱེད་པའི་སྤྱི་སྐད་ཅིག་མེད་ནའང་རང་ཡུལ་ལ་ཤ་ཞེན་གྱིས་ཡུལ་སྐད་སྲུང་བ་ནི་ཧ་ཅང་བཟང་མོད། འོན་ཀྱང་ང་ཚོས་ཡུལ་དུས་ལ་བསྟུན་ནས་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུ་ནི་གལ་ཆེ་བར་སྙམ།
གཉིས་པ། སྐྱོན་སེལ་ཐབས་ལམ།
སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་རྐྱེན་འོག་ལོ་ཙཱ་ནི་མེད་དུ་མི་རུང་བའི་ལམ་ཐིག་ཅིག་ཡིན་ཏེ། དེ་ནི་བསམ་བློ་དང་རིག་གནས་བརྗེ་རེས་བྱེད་པའི་རྨང་གཞི་དང་། མདུན་སྐྱོད་དང་འཕེལ་རྒྱས་ལ་ཕྱོགས་པའི་སྙིང་སྟོབས། རྩོམ་པ་པོ་དང་ཀློག་པ་པོ། སྐད་ཆ་ཤོད་མཁན་དང་ཉན་པ་པོའི་དབར་འབྲེལ་མཐུད་བྱེད་མཁན་ཡིན་ལ་རྩོམ་པ་པོ་ངོ་མའི་མགྲིན་ཚབ་པ་བཅས་ཡིན། དེ་ནི་རྒྱ་བོད་ཡིག་རིགས་གཉིས་ཙམ་མ་ཟད་དེ་དང་འབྲེལ་བའི་ཤེས་བྱ་ཡོད་དོ་ཅོག་ལ་རྒྱུས་མངའ་ཡོད་པའམ་བྱང་བ་ཞིག་ཡིན་དགོས། དེར་བརྟེན་ལོ་ཙཱའི་ཆེད་ལས་མི་སྣ་གསོ་སྐྱོང་ལ་མཐོང་ཆེན་དང་བཀས་བཅད་ཀྱི་ཐ་སྙད་གཅིག་འགྱུར་བཀོལ་སྤྱོད་ལ་རམ་འདེགས་བྱས་ནས་ལོ་ཙཱའི་བྱ་གཞག་འདི་ཡང་ཤེས་རིག་གི་སྟེགས་བུའི་ཐོག་ཏུ་རྟ་ཁྱུའི་ནང་གི་གྱི་ལིང་དང་། བྱ་ཁྱུའི་ནང་གི་ཁྱུང་ཆེན་བཞིན་ཀུན་གྱི་འདྲེན་བྱེད་ཟུང་གི་དོ་སྣང་བྱ་ཡུལ་དུ་འགྱུར་བར་འབད་དགོས།
གཅིག ལོ་ཙཱའི་ཆེད་ལས་མི་སྣ་གསོ་སྐྱོང་ལ་མཐོང་ཆེན།
རྒྱ་བོད་ལོ་ཙཱའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པས། ལོ་ཙཱའི་བྱ་གཞག་གོང་འཕེལ་ཡོང་ཆེད་རྒྱ་བོད་ལོ་ཙཱའི་ལས་དོན་མི་སྣ་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་དང་ཆེད་ལས་སྦྱོང་བརྡར་ལ་འཆར་གཞི་བཟོ་བ། ཚན་པ་ཁག་གིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞར་དང་ཞོར་ལ་ཡིག་སྒྱུར་གྱི་གཞུང་ལུགས་སློབ་ཁྲིད་བྱེད་པ། ལས་གནས་ཐོག་མཉམ་དུ་ཡིག་བསྒྱུར་བྱེད་པ་དང་དོགས་གཞི་ཡོད་པ་ཕན་ཚུན་བགྲོ་གླེང་དང་སློབ་སྦྱོང་བྱེད་པ་སོགས་བྱ་ཐབས་སྣ་མང་སྤྱད་དེ་ལོ་ཙཱ་བའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལོ་ཙཱའི་བྱ་བ་ལ་དགའ་ཞེན། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་དུས་ངེས་མེད་དུ་ཡིག་རྒྱུགས་བཏང་ནས་ལོ་ཙཱ་བའི་བྱང་ཚད་ལ་དཔྱད་ཞིབ། བྱ་དགའ་ཆད་གཅོད་ཀྱི་རྣམ་པའི་ཐོག་ནས་ལོ་ཙཱ་བའི་ཧུར་སེམས་ལ་ཞུན་བརྡར། རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ནས་ལོ་ཙཱ་བའི་ཤེས་རྒྱ་ཆེ་རུ་གཏོང་བ་སོགས་གང་ས་ཅི་ཐད་ནས་ལོ་ཙཱའི་བྱ་བ་འཕེལ་རྒྱས་ལ་སྤྱི་སྒེར་གྱི་སྟོབས་ཤུགས་བྱེ་བྲག་རེ་རེས་ལེགས་སྐྱེས་འབུལ་ཐུབ་ན་ད་གཟོད་སྟོབས་དང་ལྡན་པའི་ལོ་ཙཱའི་ཚོགས་སྤྱི་ཞིག་གྲུབ་པ་ནི་སྨོས་མེད་རེད།
གཉིས། བཀས་བཅད་ཟིན་པའི་ཐ་སྙད་བེད་སྤྱོད་བྱེད་པ།
བོད་རང་སྐྱོང་ལྗོངས་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་། ཡིག་སྒྱུར་ཚན་པ་ཁག་ནས་གསར་དུ་ཐོན་པའི་མིང་ཚིག་མང་དག་ཅིག་གཅིག་གྱུར་བཀས་བཅད་བྱས་ཏེ་འགྲེམས་སྤེལ་དང་སྤྱི་བསྒྲགས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་བོད་ལོ་ཙཱ་ཚད་ལྡན་ཅན་དང་གཅིག་འགྱུར་ཡོང་ཆེད་དང་སྒྱུར་མི་འདྲ་བ་ཐོན་སྲིད་པའི་གནད་དོན་སྔོན་འགོག་བྱ་ཆེད་ཡིན། འོན་ཀྱང་ལོ་ཙཱ་བ་འགས་བཀས་བཅད་ཐ་སྙད་ལ་དོ་སྣང་མི་བྱེད་པ་དང་། དེ་སྤྱོད་པའི་གོམས་གཤིས་མེད་པ། རང་གི་སྒྱུར་ལས་ལྷག་པ་ཞིག་མེད་སྙམ་ནས་བཀས་བཅད་པའི་ཐ་སྙད་ལ་བསམ་འཆར་ཡོད་པ་སོགས་ད་དུང་ཡང་མ་འདང་བའི་ཆ་ཕྲན་བུ་ཡོད་རྐྱེན་ཐ་སྙད་གཅིག་ལ་སྒྱུར་སྟངས་མི་འདྲ་བ་མང་པོ་ཐོན་ནས་ཐ་སྙད་གཅིག་གྱུར་གྱི་གེགས་སུ་གྱུར་གྱི་ཡོད། དེས་ན་འབྲེལ་ཡོད་ཀྱི་ཚན་པ་ཁག་གི་འགོ་ཁྲིད་སོ་སོས་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་ལོ་ཙཱ་བ་དག་ལ་གཅིག་གྱུར་གྱི་ཐ་སྙད་སྤྱོད་པའི་དགེ་མཚན་དང་དེ་མ་སྤྱད་ན་སྐྱོན་ཆ་དང་ཞན་ཆ་གང་ཡོད་པ་སོགས་ལ་ཁྲིད་སྟོན་བྱས་ནས་ཚང་མས་བཀས་བཅད་ཀྱི་ཐ་སྙད་སྤྱོད་ཐུབ་པའི་འགན་ལེན་ཡག་པོ་ཐུབ་ན་བཟང་སྙམ།
ཆ་འཕྲིན་དར་ཁྱབ་ཆེ་བའི་དེང་འདིར་མི་རྣམས་ཀྱི་འབྲེལ་ལམ་ཡང་སྔར་དང་མི་འདྲ་བར་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡོད། སྦར་མཐིལ་ནས་འཛམ་གླིང་གི་ཆ་འཕྲིན་རྟོགས་ཐུབ་ལ་རང་ངོས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་ཐུབ་པས་ང་ཚོས་གོ་སྐབས་དང་ཆ་རྐྱེན་བཟང་པོ་འདི་སྤྱད་ནས་བཀས་བཅད་ཟིན་པའི་ཐ་སྙད་ཕན་ཚུན་བརྒྱུད་བསྒྲགས་དང་ཚན་པའི་སྟོབས་ཤུགས་ཕྲན་བུ་སྤྱད་ནས་ཚན་རྩལ་བེད་སྤྱོད་ཡང་དག་བྱས་ཏེ་འགུལ་རིས་དང་བརྙན་ཐུང་སོགས་ཀྱི་རྣམ་པའི་ཐོག་ནས་བཀས་བཅད་ཟིན་པའི་ཐ་སྙད་ཁྱབ་གདལ་བཏང་སྟེ་ཚང་མས་བཀས་བཅད་ཟིན་པའི་ཐ་སྙད་སྤྱོད་ཐུབ་པ་དང་། སྤྱོད་པར་སྤྲོ་བ་སོགས་ལ་འབད་ནས་ལོ་ཙཱའི་བྱ་གཞག་ལ་རང་ནུས་ཅི་ལྕོགས་ཀྱིས་ལེགས་སྐྱེས་འབུལ་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་སྐལ་བཟང་སྒྲོལ་དཀར)