སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་གི་དགོས་པ་རགས་ཙམ་བརྗོད་པ།
དེ་ཡང་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ལེགས་པོ་ཐུབ་ན། སློབ་གྲྭ་ཞིག་གི་ཤེས་དཔལ་གྱི་ཚད་གཞི་མངོན་ཐུབ་ལ། སློབ་མ་ཞིག་གི་ནང་སེམས་ཀྱི་འཇིག་རྟེན་ལ་ཡ་རབས་ཀྱི་ས་བོན་འདེབས་ཐུབ་ཅིང་། “སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་བྱེད་པ་ནི་སློབ་གྲྭས་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀར་གལ་ཆེའི་དོན་སྙིང་ལྡན་པ་མ་ཟད། དེས་སློབ་གྲྭའི་སློབ་གསོ་དང་དོ་དམ། བྱ་ཐབས་བཅས་དེ་བས་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཏེ་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། རིག་སྟོབས་གསར་པ་འཕེལ་ཞིང་། ལུས་སེམས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ། རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་གི་ཡོད”ཅེས་པ་ལྟར་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་གལ་ཆེའི་དོན་སྙིང་གསལ་སྟོན་བྱས་ཡོད་པས། སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལས་བསམ་པའི་རིག་གནས་འཛུགས་སྐྱོང་གི་དགོས་པའམ་དོན་སྙིང་སྐོར་རགས་ཙམ་གླེང་བར་བྱའོ།
གཅིག སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་དགོས་མཁོ་དང་འཚམ་པ།
དེ་ཡང་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སློབ་གྲྭ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་བརྒྱུད་སྤེལ་བྱེད་ས་ཞིག་ཀྱང་ཡིན་སྟབས། སྤུས་ཚད་ལེགས་པའི་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་གཉེར་ཕྱོགས་རྒྱུན་འཁྱོངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། དེ་བཞིན་གཞན་གྱི་སྔོན་ཐོན་རིག་གནས་བསྡུ་ལེན་བྱས་ཚེ། བྱང་ཚད་མཐོ་བའི་མི་སྣ་གསོ་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཛུགས་སྐྱོང་ལའང་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ། དེས་ན《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས། “སློབ་གསོ་ནི་བརྒྱུད་སྤེལ་གྱི་ཤེས་རིག་ཅིག་ཡིན་ཞིང་། སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་འདུ་འགོད་ཅིག་ཡིན་པ་མ་ཟད། མི་རབས་རྗེས་མར་ཕན་འདོགས་པ་དང་ཕ་ཚ་བུ་རྒྱུད་ལ་བདེ་བ་སྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ཞིག་ཡིན”ཞེས་བསྟན་པ་ལྟར། སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་ཡང་དག་པའི་སློབ་གསོ་དོན་གཉེར་ལ་འབད་ཚེ། སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་བར་ཕན་འབྲས་ཐོན་གྱི་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་མཁོ་གལ་ཆེ་བའི་རིག་གནས་ཀྱི་ཐབས་ལམ་ཞིག་ལ་འགྱུར་ཡོད། དེ་ལྟར་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་དེ་གལ་ཆེའི་གནས་བབ་ཏུ་བཞག་ནས་དཔེ་སྟོན་གྱི་ནུས་པ་དང་ཤུགས་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་ཚེ། ད་གཟོད་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཞབས་འདེགས་ལེགས་པོ་ཞུ་ཐུབ་ངེས་རེད།
གཉིས། བྱང་ཚད་སློབ་གསོ་ཁྱབ་གདལ་གཏོང་བའི་དགོས་མཁོ་དང་འཚམ་པ།
རྒྱལ་ཁབ་སློབ་གསོ་པུའུ་ཡི《དེང་སྐབས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་བྱང་ཚད་སློབ་གསོ་ལག་བསྟར་གྱི་བསམ་འཆར་འགའ་ཞིག》ཅེས་པའི་ནང་། “བྱང་ཚད་སློབ་གསོ་ནི་མིའི་རིགས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་སློབ་གསོའི་བཅའ་ཁྲིམས་ལྟར་གཏན་འཁེལ་བྱེད་པའི་སློབ་གསོའི་བྱེད་ཕྱོགས་ཤིག་ཡིན་ལ། སློབ་མ་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་ཏེ་སློབ་མའི་གཞི་རྩའི་བྱང་ཚད་ཇེ་ལེགས་སུ་བཏང་ནས། ཀུན་སྤྱོད་བཟང་བ། ཤེས་ཡོན་ལྡན་པ། གཟུགས་པོ་ཐང་བ་བཅས་ཀྱི་བདེ་ཐང་དཔུང་ཁག་ཅིག་ཆགས་པ་བྱ་རྒྱུ་དང་། སློབ་མའི་གསར་གཏོད་སྙིང་སྟོབས་་དང་ལག་པ་འགུལ་ནུས་གསོ་སྐྱོང་བྱེད་པ་ནི་རྩ་བའི་དམིགས་ཡུལ་ཡིན”ཞེས་འཁོད་ཡོད་པས། བྱང་ཚད་སློབ་གསོའི་ནང་དོན་ནི་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་ལམ་ཕྱོགས་ལག་བསྟར་མཐར་ཕྱིན་བྱས་ཏེ། རྒྱལ་དམངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བ་དང་། སློབ་ཕྲུག་གི་གསར་གཏོད་སྙིང་སྟོབས་དང་ལག་པ་འགུལ་ནུས་གསོ་སྐྱོང་བྱ་རྒྱུ་གལ་ཆེར་འཛིན་ནས། ཕུགས་བསམ་དང་། ཀུན་སྤྱོད། ཤེས་རིག སྒྲིག་ཁྲིམས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པ་ཞིག་ཡིན། དེས་ན་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་གི་འཆར་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་ཕན་ནུས་ལྡན་པའི་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་བྱེད་པ་ནི་སློབ་གྲྭའི་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ཞིག་ཡིན་ལ། སློབ་གསོའི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་བྱང་ཚད་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། དེ་ཡང་གྲགས་ཅན་གྱི་སློབ་གསོ་མཁས་ཅན་ཚའོ་ཡོན་ཧྥི་ཡིས་གསུངས་པར། “སང་ཉིན་གྱི་སློབ་གསོ་མཁྱེན་འདོད་ན། དེ་རིང་གི་སློབ་གྲྭའི་རིག་གནས་ལ་ལྟ་དགོས་”ཞེས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་གལ་ཆེའི་དོན་སྙིང་བསྟན་ཡོད་པས། དེ་ནི་ཚད་གཞི་ངེས་ཅན་ཐོག་ནས་བརྗོད་ན་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་བྱེད་པ་ནི་སློབ་གསོའི་སྤུས་ཚད་དང་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་མཐོར་གཏོང་བར་མེད་དུ་མི་རུང་བའི་གལ་ཆེའི་རིན་ཐང་ལྡན་ཡོད་པ་གསལ་བཤད་བྱས་ཡོད།
གསུམ། བསླབ་ཚན་སྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པ།
སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པ་ནི་དགེ་རྒན་གྱིས་སྔོན་ལ་སློབ་ཁྲིད་གནང་ནས་སློབ་མ་རྣམས་སྦྱོང་དུ་འཇུག་པ་དང་། སློབ་ཁྲིད་ཀྱི་དུས་ཚོད་མང་ཆེ་བ་དགེ་རྒན་ལ་དབང་བར་བྱེད་ཀྱི་ཡོད། འོན་ཀྱང་བསླབ་ཚན་སྒྱུར་བཅོས་ཀྱི་སློབ་ཁྲིད་རྣམ་པ་ནི་དགེ་རྒན་གྱིས་ཁྲིད་སྟོན་ཙམ་བྱེད་པ་དང་། གཙོ་བོ་སློབ་ཕྲུག་རང་ངོས་ཀྱིས་ལག་པ་འགུལ་བ་དང་བསམ་བློ་གཏོང་དུ་འཇུག་གི་ཡོད་སྟབས། དེ་ནི་སློབ་ཕྲུག་གཙོ་བོ་བྱེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་རེད། བསླབ་ཚན་སྒྱུར་བཅོས་བྱེད་རིང་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་མ་གསོ་སྐྱོང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་པས། དེ་ལྟ་བུའི་སློབ་ཁྲིད་ཀྱི་ཐབས་ལམ་འོག་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད། དེ་ཡང་སློབ་གསོ་མཁས་ཅན་ཐའོ་ཞིན་ཀྲེ་ཡིས། “སློབ་གྲྭ་ནི་མ་གཞི་ནས་རིག་གནས་དར་སྤེལ་གཏོང་ས་ཞིག་ཡིན་པས་དེ་བས་གཏིང་ཟབ་པོས་རིག་གནས་ལ་རྒྱུས་ལོན་བྱེད་དགོས”ཞེས་གསུངས་པ་ལྟར་སློབ་གྲྭའི་རིག་གནས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་འཚོལ་ཞིབ་བྱེད་པའི་དགོས་པ་བསྟན་ཡོད་པ་དང་། བསླབ་ཚན་སྒྱུར་བཅོས་ལ་བརྟེན་ནས་སློབ་གསོ་སྒྱུར་བཅོས་ཀྱི་ཤུགས་རྒྱག་སར་ཡང་འགྱུར་ལྡོག་བྱུང་ཡོད་པ་སྟེ། མི་དམངས་སློབ་གསོའི་དུས་དེབ་ནང“སློབ་གསོ་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་ནི། དེ་སྔའི་སློབ་གསོ་སློབ་ཁྲིད་ཁྲོད་སྤྱི་མཚན་ལྐོག་གྱུར་གྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་པར་མཐོང་ཆེན་དང་། སྤྱི་ཚོགས་དང་ཁ་བྲལ་བའི་སྒོ་རྒྱག་གི་སློབ་ཁང་སློབ་ཁྲིད་ཀྱི་རྐྱེན་པས་སློབ་མ་རྣམས་ལག་ལེན་དང་ཁ་བྲལ་བ་དང་། སྤྱི་ཚོགས་དང་ཁ་བྲལ་བའི་སྣང་ཚུལ་སྣ་ཚོགས་ཁྱད་བསད་བྱས་ཐོག སློབ་གསོ་དེ་བཞིན་སྤྱི་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་རུ་བཏང་ནས་སློབ་མ་རྣམས་འཚོ་བར་དགའ་ཞེན་དང་སྤྱི་ཚོགས་ལ་དོ་སྣང་བྱེད་མཁན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད”ཅེས་འཁོད་ཡོད་པས་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་བཀག་རྒྱ་མེད་པར་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
འདི་ལྟར་བསླབ་ཚན་གསར་པའི་སྒྱུར་བཅོས་ཀྱིས་སློབ་གསོའི་ཐབས་ལམ་གསར་སྤེལ་བྱེད་ཅིང་། དེས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཐུབ་སྟེ། སློབ་གྲྭའི་རིག་གནས་ཀྱི་དགོས་མཁོ་དང་། སློབ་ཕྲུག་གི་ཁྱད་ཆོས་ལ་བརྟག་དཔྱད་བྱས་རྗེས་ཚན་རིག་གི་བྱ་ཐབས་བརྒྱུད་ནས་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་ཕན་པ་བསྐྲུན་ཐུབ། སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་གིས་ཀྱང་སློབ་གྲྭའི་ཁྱད་ཆོས་ལ་བརྩི་འཇོག་བྱས་ཏེ་སློབ་ཕྲུག་གི་བསམ་པའི་རིག་གནས་གོང་མཐོར་གཏོང་བར་འགན་ལེན་ཐུབ་ཡོད།
མདོར་ན་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་བྱེད་པ་ནི་སློབ་མའི་ཕྱོགས་ཡོངས་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པའི་བྱ་ཐབས་ཤིག་ཡིན་པས། སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་ཚན་རིག་དང་མཐུན་པ་དང་། སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ། སློབ་གསོ་སློབ་ཁྲིད་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་ཞིག་བྱུང་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་དགོས་མཁོ་དང་། བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། བསླབ་ཚན་སྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་ཐུབ་ནས་སློབ་གསོ་ཡར་རྒྱས་གོང་འཕེལ་ཡོང་བར་ཕན་ནུས་ཆེན་པོ་ཐོན་ཐུབ། (ལྷོ་ཁ་གྲ་ནང་རྫོང་རྔ་གྲ་སློབ་ཆུང་གི་མཚོ་རྒྱལ་སྒྲོལ་མས)