དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • “སྐལ་བཟང་མེ་ཏོག་དེ་བས་མཛེས་སྡུག་ལྡན་པར་བཞད་པའི་རེ་བ་ཆེ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤུས་ཡུས་ཡའོ།   |     སྤེལ་དུས།  2024-05-26

    “ཁྱེད་གཉིས་ག་རེ་ཤོད་ཀྱི་ཡོད” བར་ཁྱམས་ཀྱི་ཟུར་ན་སློབ་མ་གཉིས་ཁ་བརྡ་གློད་པ་མཐོང་བས། ཨན་ཧུའེ་ཡི་བོད་སྐྱོར་དགེ་རྒན་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི(གཤམ་དུ“ལྷོ་ཁ་མཐོ་འབྲིང་གཉིས་པ”ཞེས་བསྡུ་རྒྱུ)སློབ་སྤྱི་ཉེ་ཤིན་གྱིས་དེ་ལྟར་དྲིས།

    “ཕ་ཡུལ་གྱི་སྐོར་ཤོད་ཀྱི་ཡོད”ཅེས་མིང་ལ་སྒྲོལ་དཀར་ཟེར་བའི་བུ་མོ་དེས་ཅུང་དངངས་འཚབ་ངང་ལན་བཏབ་པར། “མུ་མཐུད་ཤོད་དང”ཞེས་ཉེ་ཤིན་ཡང་སློབ་མ་ཚོའི་འཁྲིས་སུ་བཅར་ནས་ཉན་པས། སྒྲོལ་དཀར་གྱིས་དལ་བུར“གཏམ་གྱི་སྒོ་མོ”ཡོངས་སུ་ཕྱེ། ཕ་ཡུལ་གྱི་སྐོར་ནས་སློབ་གྲྭའི་སྐོར་བར་ཉན་རྗེས་ཉེ་ཤིན་གྱིས་སློབ་མ་ཚོར་རྒྱུས་མངའ་ལོན་ཚད་སྔར་བས་ཟབ་ཏུ་ཕྱིན་པ་དང་སྦྲགས། གནད་དོན་ཁ་ཤས་ཀྱང་ཤེས་རྟོགས་བྱུང་ཡོད།

    “སློབ་སྤྱི་ལགས། མ་གསུངས་རོགས། ཡིག་རྒྱུགས་གཏོང་གྲབས་ཡོད་པས་གནོན་ཤུགས་ཆེན་པོ་འདུག སློབ་གྲོགས་ཁ་ཤས་མཚམས་རེར་དངངས་སྐྲག་སྐྱེས་ནས་གཉིད་ཀྱང་ཁུག་གི་མི་འདུག”ཅེས་སྒྲོལ་དཀར་གྱིས་བཤད།

    “ང་ཚོར་གནས་ཚུལ་འདི་འདྲ་མང་པོ་འདུག་གམ”ཞེས་ཉེ་ཤིན་གྱིས་དྲིས་པར། “མང་པོ་འདུག ལྷག་པར་དུ་མཐོ་འབྲིང་ལོ་རིམ་གསུམ་པར་མང་པོ་འདུག”ཅེས་སྒྲོལ་དཀར་གྱིས་འཚེར་སྣང་ངང་བཤད།

    སློབ་མ་ཚོ་དང་ཁ་བརྡ་གློད་རྗེས། ཉེ་ཤིན་གཞུང་ལས་ཁང་དུ་ལོག་ནས་མཐོ་འབྲིང་ལོ་རིམ་གསུམ་པའི་ཙུའུ་ཀྲང་བསྐོངས་ནས་དེ་རིང་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས། ཁོང་གཉིས་པོས་ད་དུང་སློབ་གྲོགས་གཞན་དག་ཁ་ཤས་བཙལ་ནས་རྒྱུས་ལོན་བྱ་རྒྱུའི་ཐག་བཅད། ཉིན་ཁ་ཤས་རིང་གླེང་མོལ་དང་དབྱེ་ཞིབ་བྱས་པ་བརྒྱུད། ཁོང་ཚོས་སློབ་མའི་སེམས་ཁམས་ཀྱི་གནད་དོན་ལ་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་ལྷག་པར་དུ་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་སེམས་ཁམས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས།

    ཉེ་ཤིན་གྱིས་འཕྲལ་དུ་འབྲེལ་ཡོད་དགེ་རྒན་བསྐོངས་ནས་སློབ་མའི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་ཇི་ལྟར་གཏོང་དགོས་པའི་ཐད་ཚོགས་འདུ་ཞིག་འཚོགས། ཚོགས་འདུའི་ཐོག ལོ་རིམ་ཡོངས་ལ་སེམས་ཁམས་སྐོར་གྱི་འཆད་ཁྲིད་རབ་དང་རིམ་པ་བྱ་རྒྱུ་དང་སློབ་གྲྭ་ཐོན་པའི་སློབ་མ་སྐད་བཏང་ནས་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུའི་སྐོར་གྲོས་མོལ་བྱས། ཉེ་ཤིན་གྱིས་ད་དུང་འཛིན་བདག་ནས་སློབ་མའི་གནས་ཚུལ་ལ་ལྟ་ཞིབ་ནན་པོ་བྱེད་དགོས་པ་དང་། སེམས་ཁམས་ཡག་པོ་མེད་པའི་སློབ་མར་དུས་ཐོག་ཏུ་སྙིང་གཏམ་ཤོད་རེས་བྱས་ནས་ཁོང་ཚོའི་གནོན་ཤུགས་ཆུང་དུ་གཏོང་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    ད་རེས་ནི་ཉེ་ཤིན་གྱིས་སློབ་གསོར་རོགས་སྐྱོར་བྱེད་ཐེངས་གསུམ་པ་སྟེ། 2008ལོར་སི་ཁྲོན་ཟུང་ཆུ་རྫོང་དང་། 2020ལོར་ཤིན་ཅང་ཕི་ཧྲན་རྫོང་། 2022ལོར་བོད་ལྗོངས་ལྷོ་ཁར་ཡོང་བ་རེད། རྩ་འཛུགས་ཀྱིས་བོད་ལ་རོགས་སྐྱོར་དུ་འགྲོ་འདོད་ཡོད་དམ་ཞེས་འདྲི་སྐབས་འཁྲིས་ཀྱི་མི་ཚང་མས་ཁོང་ལོ་ན་རྒན་པས་ཁས་ལེན་གྱི་མ་རེད་བསམས་ཀྱང་། ཉེ་ཤིན་གྱིས“སློབ་གསོའི་རོགས་སྐྱོར་ཐེངས་ཁ་ཤས་བྱས་པ་བརྒྱུད། མཐའ་མཚམས་ཀྱི་མི་རིགས་ས་ཁུལ་དང་བརྩེ་བ་ཟབ་མོ་ཆགས་སོང་། ད་རེས་གོ་སྐབས་ཡོད་ན་འགྲོ་གི་ཡིན། མ་གཞི་ཏང་ཡོན་ཞིག་ཡིན་པས། རྩ་འཛུགས་ལ་དགོས་མཁོ་བྱུང་ན་གང་དུ་མངགས་ཀྱང་འགྲོ་གི་ཡིན”ཞེས་བཤད་པ་རེད།

    2022ལོའི་ཟླ་བརྒྱད་པར། ཉེ་ཤིན་སློབ་གྲྭར་འབྱོར་འཕྲལ་མྱུར་དུ་ལས་ཀ་བྱེད་འགོ་བརྩམས། “སྐབས་དེར། སློབ་སྤྱི་ཉེ་ལགས་ཀྱིས་ཧ་ལམ་དགེ་རྒན་རེ་རེ་བཞིན་དང་སྤེལ་རེས་བྱས་ནས་སློབ་གྲྭའི་གནས་ཚུལ་གང་མགྱོགས་ཁོང་དུ་ཆུད་པར་བྱས་སོང” ལྷོ་ཁ་མཐོ་འབྲིང་གཉིས་པའི་སློབ་དཔྱོད་ཁྲུའི་ཀྲུའུ་རེན་བློ་བཟང་རྡོ་རྗེས“སློབ་སྤྱི་ཉེ་ལགས་དགུང་ལོ་50ལྷག་རེད། དེ་དུས་ས་མཐོར་མ་འཕྲོད་པའི་རྐྱེན་གྱིས་གཟུགས་པོ་བདེ་པོ་མེད་པ་གསལ་པོ་ཤེས་ཀྱི་འདུག”ཅེས་བཤད།

    ཨན་ཧུའེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པའི་རུ་དཔོན་ཡིན་པའི་ཆ་ནས། ཁོང་གིས་ད་དུང་ཨན་ཧུའེ་ཡི་བོད་སྐྱོར་དགེ་རྒན་དང་། ས་གནས་དེ་གའི་གྲོང་ཁྱེར་རིམ་པའི་རྐང་འཛིན་དགེ་རྒན་དང་དེ་བཞིན་རིག་ཚན་སྣེ་ཁྲིད་པ་19སྒྲིག་འཛུགས་ཀྱིས་ཆ་སྒྲིག་རོགས་སྐྱོར་ཚོགས་ཆུང་བཙུགས་ནས། ས་གནས་དེ་གའི་དགེ་རྒན་ལ་རོགས་སྐྱོར་བྱས་པ་རེད།

    “རྨང་གཞིར་མཐོང་ཆེན་དང་སྦྱོང་བརྡར་ལ་མཐོང་ཆེན་བྱས་ནས། ཨན་ཧུའེ་ཡི་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་ཚོས་མཉམ་དུ་སློབ་ཚན་ཁྲིད་ཕྱོགས་ལ་གྲོས་བསྡུར་དང་དྲི་གཞི་བཏོན་ཡོད། ས་གནས་དེ་གའི་སློབ་མའི་དོན་དངོས་ལ་གཞིགས་ནས། ང་ཚོས་སློབ་ཁྲིད་ཀྱི་དཔྱད་གཞི་དང་སྦྱོང་གཞི་རབ་དང་རིམ་པ་བསྒྲིགས་ཡོད”ཅེས་ཉེ་ཤིན་གྱིས་བཤད།

    ཉེ་བའི་ལོ་གཉིས་ནང་། ཉེ་ཤིན་གྱི་སྣེ་ཁྲིད་འོག ལྷོ་ཁ་མཐོ་འབྲིང་གཉིས་པའི་སློབ་གསོ་སློབ་ཁྲིད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ནས་སློབ་མའི་སྦྱང་འབྲས་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “ཏང་ཡོན་ཞིག་དང་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ངས་རང་ཉིད་ཀྱི་འགན་འཁྲི་བསྒྲུབས་པ་ཙམ་ཡིན། རེ་བའི་ས་བོན་ཡག་པོ་གཏོར་ནས་སྐལ་བཟང་མེ་ཏོག་དེ་བས་མཛེས་སྡུག་ལྡན་པར་བཞད་པའི་རེ་བ་ཡོད”ཅེས་ཉེ་ཤིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།