དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་ཐབས་ལམ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    རྒྱལ་ཁབ་དང་མི་རིགས་ཤིག་དང་། ཡུལ་ལུང་གང་འདྲ་ཞིག་གི་མི་རྣམས་ཀྱི་བྱང་ཚད་ལེགས་པོ་ཡོང་བ་དང་། མི་དམངས་ཀྱི་འཚོ་བ་སྐྱིད་པོ་ཡོང་བ་སོགས་འདོད་འདུན་ཡིད་བཞིན་འགྲུབ་པའི་འགག་རྩ་ནི་སློབ་གསོར་རག་ལུས་ཡོད་པས། ང་ཚོས་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཕ་ཡུལ་འབྱོར་ཕྱུག་བཅས་ཀྱི་ཆེད་རིག་གནས་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ཡིན་ནའང་། སློབ་གྲྭ་ཁག་གཅིག་གི་དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་འཕེལ་མེད་རང་སོར་ལུས་ནས་རིགས་གཅིག་དང་སྣ་ཁ་རྐྱང་པ་ཁོ་ན་སྟེ། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་རང་ཉིད་ནི་ཟློས་གར་ནང་གི་མི་སྣ་གཙོ་བོ་དང་སློབ་མ་ནི་ཟློས་གར་ལ་ལྟད་མོ་ལྟ་མཁན་བཞིན་ཉན་རྐྱང་དང་ལྟ་རྐྱང་བྱེད་པའི་རྣམ་པ་ནི་དུས་རྒྱུན་དུ་མཐོང་བའི་གནས་ཚུལ་ཞིག་ཡིན་པས། ང་ཚོས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་མི་ཐུབ་པའི་བྱ་ཐབས་དེ་ཁོ་ནར་བརྟེན་ན། སློབ་མའི་སྦྱངས་འབྲས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སློབ་མ་ཕལ་ཆེ་བ་རིག་གནས་སྦྱོང་འདོད་མེད་པ་དང་། དགེ་རྒན་ལ་དགའ་ཞེན་མེད་པ། དགེ་སློབ་དབར་གྱི་འབྲེལ་བ་རིམ་བཞིན་ཐག་རིང་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད། གནད་དོན་འདི་དག་ལ་དམིགས་ན། སློབ་ཁྲིད་བྱེད་སྐབས་སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་ཀྱི་བྱ་ཐབས་སྤྱོད་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བར་མཐོང་བས། འདིར་རང་ཉིད་ནས་སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་ཀྱི་ཐབས་ལམ་སྤྱད་པའི་མྱོང་ཚོར་རགས་ཙམ་གླེང་བར་འདོད།

    དང་པོ། ཚོགས་ཆུང་བྱེད་སྒོའི་རྣམ་པ་སྤྱད་དེ་ཤེས་བྱ་བརྒྱུད་སྤྲོད་བྱེད་པ།

    དེ་ཡང་དགེ་རྒན་མང་པོས་དུས་རྒྱུན་དུ་སློབ་ཁང་སློབ་ཁྲིད་སྐབས་དྲི་བར་ལན་འདེབས་པ་དང་། བསམ་གཞིག་བྱེད་པ། ལག་པ་འགུལ་བ་སོགས་ཀྱི་གོ་སྐབས་མང་ཆེ་བ་སྦྱངས་འབྲས་ལེགས་པའི་སློབ་མར་སྤྲོད་པ་ལས་སྦྱངས་འབྲས་ཞན་པའི་སློབ་མར་སྣང་བ་དེ་ཙམ་མི་གཏོང་བ་དང་། ཁོང་ཚོར་རེ་བ་ནན་པོ་བཅོལ་གྱི་མེད། དེ་ལྟར་བྱས་ན། སློབ་མ་དེ་དག་སློབ་མ་སྤྱི་ཡོངས་མཉམ་དུ་ཡར་རྒྱས་འགྲོ་རྒྱུ་ལྟ་ཅི། སློབ་སྦྱོང་བྱེད་སེམས་ཡོད་པའི་སློབ་མ་ལའང་འགོག་རྐྱེན་ཆེན་པོ་བཟོ་ངེས་ཡིན་པས། ང་ཚོས་དུས་རྒྱུན་གྱི་སློབ་ཁང་སློབ་ཁྲིད་ནང་ངེས་པར་དུ་དགེ་རྒན་ནི་འཁྲབ་ཁྲིད་པ་དང་སློབ་མ་ནི་འཁྲབ་སྟོན་པའི་གནས་སུ་བཞག་སྟེ། སློབ་མར་ཚོགས་ཆུང་གྲོས་བསྡུར་རྣམ་པའི་ཐོག་ནས་བསམ་གཞིག་དང་། དབྱེ་ཞིབ། མཉམ་ལས། འཚོལ་དཔྱད། གསར་གཏོད་སོགས་ཀྱི་རྩལ་ནུས་སྦྱོང་དུ་འཇུག་པ་དང་། གསར་གཏོད་ཀྱི་ངར་སེམས་འཕེལ་བར་བྱེད་པ། དགེ་སློབ་ཕན་ཚུན་དབར་དང་སློབ་གྲོགས་ཕན་ཚུན་དབར་ལ་བགྲོ་གླེང་དང་གསལ་བཤད། དོགས་སློང་དང་དོགས་སེལ་བཅས་ཀྱི་ནུས་པ་གསོ་སྐྱོང་བྱས་ནས་སློབ་མའི་སྤྲོ་སྣང་འཕེལ་བ་དང་། དགེ་སློབ་ཕྱོགས་གཉིས་ཀའི་བསམ་ཚུལ་གཅིག་མཐུན་བཟོ་བ། སློབ་མར་སུན་སྣང་གང་ཞིག་ཡོད་མིན་རྒྱུས་ལོན་བྱས་ནས། སློབ་མའི་དགའ་སྣང་གི་ཁྲོད་དུ་སྤྲོ་སྣང་ལྡན་པའི་ངང་སློབ་ཐུན་རེ་རེ་འཚོགས་ན། སློབ་མ་ཡོངས་ཀྱི་སྦྱངས་འབྲས་ཇེ་ལེགས་སུ་འགྲོ་བ་མ་ཟད། སློབ་སྦྱོང་ལ་འཛིན་པའི་སློབ་མའི་ལྟ་ཚུལ་ངན་པ་རྣམས་ངང་གིས་མེད་པར་གྱུར་ནས་སྦྱོང་འདོད་ཀྱི་བློ་ཁ་འཕེལ་བ་དང་། ཁོང་ཚོའི་ཤེས་རིག་དང་། ཀུན་སྤྱོད། གཟུགས་པོ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་རྒྱུ་གདོན་མི་ཟ།

    གཉིས་པ། ཐད་གཏོང་རྣམ་པའི་སློབ་ཆས་བེད་སྤྱོད་བྱེད་པ།

    དེ་ཡང་སློབ་ཁང་སློབ་ཁྲིད་སྐབས་དགེ་རྒན་ཁག་གཅིག་གིས་སྤྱོད་པའི་སློབ་ཆས་མང་ཆེ་བ་ནི་སློབ་དེབ་དང་། ནག་པང་། ས་སྨྱུག་ཙམ་ཡིན་པས། ང་ཚོས་དུས་རྒྱུན་ནས་རང་གི་ཁོར་ཡུག་དང་འཚམ་པའི་སློབ་ཆས་མང་ཙམ་སྤྱོད་རྒྱུ་གལ་ཆེ་བར་མཐོང་སྟེ། སློབ་ཁང་སློབ་ཁྲིད་སྐབས་སློབ་ཚན་གྱི་ནང་དོན་དང་འཚམ་པའི་རི་མོའམ་དཔེ་གཟུགས་སོགས་མང་ཙམ་སྤྱད་ན། སློབ་ཚན་ཁྲིད་དུས་སློབ་མའི་སེམས་པ་སློབ་ཁང་ནང་གནས་ཐུབ་པའི་ནུས་པ་དང་། སློབ་ཚན་ལ་སྤྲོ་སྣང་འཕེལ་བ། སློབ་ཚན་གྱི་ནང་དོན་གོ་བ་ལེན་ཚད་ཇེ་ཟབ་ཏུ་འགྲོ་བ་སོགས་ཀྱི་ཕན་པ་ཤིན་ཏུ་ཆེ་བ་མ་ཟད། གཅིག་ཤེས་ཀུན་གྲོལ་ཟེར་བའི་དཔེ་ལྟར་སློབ་མའི་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པའང་གསོ་སྐྱོང་གང་ལེགས་བྱེད་ཐུབ།

    གསུམ་པ། སློབ་ཕྲུག་ལ་དྲི་བ་འདོན་སྐབས་གང་ལ་དེ་འཚམ་ཡོང་བ་བྱེད་དགོས།

    ནམ་རྒྱུན་དགེ་རྒན་མང་ཆེ་བས་དྲི་བ་འདོན་སྐབས་སློབ་མའི་དོན་དངོས་གནས་ཚུལ་དང་ཤེས་ཚད་ལ་བསམ་གཞིག་མི་བྱེད་པར་ཐད་ཀར་སློབ་ཕྲུག་འགའ་རེར་དམིགས་སུ་བཀར་ནས་དྲི་བ་འདོན་པའམ། བཙན་སྐུལ་གྱིས་ལན་འདེབས་སུ་བཅུག་པ། ལན་འདེབས་མི་ཐུབ་པའི་སློབ་ཕྲུག་ལ་མི་འདོད་པའི་རྣམ་འགྱུར་སྟོན་པ་སོགས་ཁོང་ཚོའི་སེམས་ཁམས་དང་མི་མཐུན་པའི་ཐབས་ཤེས་འདྲ་མིན་སྣ་ཚོགས་སྤྱོད་ཀྱི་ཡོད། བྱ་ཐབས་དེ་དག་གིས་སློབ་མ་ཡར་རྒྱས་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སློབ་མའི་སེམས་ཤུགས་ཆག་པ་དང་། ཡིད་ཐང་ཆད་པའི་རྒྱུ་རུ་འགྱུར་ངེས་པས། དགེ་རྒན་ཚོས་དྲི་བ་འདོན་སྐབས་འཛིན་གྲྭའི་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་ཚང་མའི་ཤེས་ཚད་གཅིག་མཚུངས་ཡིན་པའི་ངོས་འཛིན་མི་བྱེད་པར། རིག་སྟོབས་བཟང་ཞན་དང་ལོ་ནའི་ཁྱད་ཆོས་ལ་གཞིགས་ཏེ་ཁོང་ཚོར་དེ་ལ་དེ་བསྟུན་གྱི་བསམ་གཞིག་བྱེད་པའི་དུས་ཚོད་འདང་ངེས་སྤྲད་ནས་དྲི་བ་སྐས་རིམ་ཅན་ཏེ། ལས་སླ་བ་ནས་ཁག་པའི་ཕྱོགས་སུ་དང་། མངོན་འགྱུར་ནས་ལྐོག་འགྱུར་གྱི་ཕྱོགས་སུ་ཁྲིད་པ་སོགས་དགེ་རྒན་གྱི་གཞོགས་འདེགས་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ཏེ། སློབ་མས་སློབ་སྦྱོང་ལ་འཛིན་པའི་སྤྲོ་སྣང་འཕེལ་བར་བྱེད་དགོས།

    བཞི་པ། སློབ་ཁང་སློབ་ཁྲིད་སྐབས་སྤྲོ་སྣང་ལྡན་པའི་རོལ་རྩེད་བྱེད་སྒོ་སྤེལ་དགོས་པ།

    སློབ་ཁང་ནང་སློབ་ཁྲིད་བྱེད་རིང་གི་རོལ་རྩེད་ཅེས་པ་ནི་སློབ་མར་མགོ་སྐོར་བ་དང་དུས་ཚོད་གང་འཁྱོལ་བྱེད་པའི་རོལ་རྩེད་ཅིག་མིན་པར། དེ་ནི་འཆར་གཞི་ཡོད་ལ་གོ་རིམ་ལྡན་པ་དང་། དམིགས་ཡུལ་ཡོད་པ། སློབ་མའི་བློ་སྒོ་འབྱེད་པར་ཕན་པའི་སློབ་ཁྲིད་དང་རོལ་རྩེད་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་ཟེར་ཞིང་། རོལ་རྩེད་དེས་ང་ཚོའི་འཁྲིད་བྱའི་སློབ་ཚན་ལ་གཞོགས་འདེགས་ཐུབ་པ་ཞིག་དགོས་པ་ནི་ཧ་ཅང་གལ་ཆེ་བ་ཡིན། དེ་ལྟར་བྱུང་ཚེ་སློབ་མའི་ཤེས་ཚད་ཟབ་ཏུ་དང་བསླབས་པའི་ཤེས་བྱ་སྲ་བརྟན་ཡོང་བར་ཕན་ཐོགས་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་བྱེད་འདོད་དང་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པའང་ཇེ་ཆེར་འགྲོ་ངེས་པས། སྤྲོ་སྣང་ལྡན་པའི་རོལ་རྩེད་ཀྱི་ཁྲོད་ནས་སློབ་མས་ཤེས་བྱ་ཇི་སྙེད་ཅིག་ཤེས་རྒྱུ་སྨོས་མེད་རེད།

    མདོར་ན། དགེ་རྒན་ཚོས་སྲོལ་རྒྱུན་གྱི་སློབ་གསོ་སློབ་ཁྲིད་བྱེད་སྟངས་ལ་སྙིགས་དོར་བཅུད་ལེན་གྱིས་སྒྱུར་བཅོས་འོས་འཚམ་བྱས་ཏེ། དགེ་རྒན་རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས་དགེ་སློབ་དབར་གྱི་འདུ་ཤེས་འཛིན་སྟངས་དང་། སློབ་ཁྲིད་ཀྱི་ཐབས་ལམ་བཅས་ཚང་མར་སློབ་མ་ལྟེ་བར་འཛིན་པའི་སློབ་ཁྲིད་ཀྱི་བླང་བྱ་དང་མཐུན་གང་ཐུབ་བྱེད་དགོས།

    (ལྷ་ས་དགེ་འོས་ཞོར་གཏོགས་སློབ་ཆུང་གི་བོད་ཡིག་དགེ་རྒན། ཚེ་བརྟན་ལྷ་མོ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།