དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    ཚེས་17ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར”བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་སློབ་གསོར་ལོ་རེར་མ་དངུལ་གཏོང་ཚད་1959ལོའི་སྒོར་ཁྲི་182ནས་2023ལོའི་སྒོར་དུང་ཕྱུར་393བར་འཕར་བ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3406བཏང་བ་དང་། དེའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2936བཏང་བ་དེ་1959ལོ་ནས་2011ལོ་བར་མ་འཇོག་བསྡོམས་འབོར་གྱི་ལྡབ་6ཡིན་པ་དང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3472དང་། དགེ་རྒན་དང་ལས་བཟོ་ཁྲི་9.53 རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་བསྡོམས་འབོར་ཁྲི་96བཅས་ཟིན་པ། སློབ་གསོའི་སྟོན་གྲངས་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་དེ་ལས་བརྒལ་ནས་བོད་ཀྱི་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའུ་ཁོངས་མི་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་བྱ་གཞག་སྔོན་ཚུད་འཕེལ་རྒྱས་ཀྱི་གནས་བབ་ཐོག་བཞག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འཕེལ་རྒྱས་ཀྱི་འཆར་འགོད། ཐོན་ཁུངས་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ཅེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད། ཡིག་རྨོངས་བས་95%ཡན་ཟིན་ཡོད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། དུས་རབས་གོང་མའི་དུས་མཇུག་ཏུ་རྫོང་ཚང་མར་སློབ་འབྲིང་དང་ཤང་ཚང་མར་སློབ་ཆུང་ཡོད་པ་གཞི་རྩའི་ཆར་མངོན་འགྱུར་བྱུང་ནས་སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་80%ཟིན་ཡོད། མིག་སྔར་བོད་ཀྱིས“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ཕྱོགས་ཡོངས་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆར་དོ་སྙོམས་འཕེལ་རྒྱས་བྱུང་བ། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་ཐུབ་པར་བྱས་པ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། མཐོ་རིམ་སློབ་གསོར་ནང་རྒྱས་རྣམ་པའི་འཕེལ་རྒྱས་མྱུར་པོ་བྱུང་བ། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་རེད། 2023ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་90.43%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད97.78%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་91.22%ཟིན་པ། མཐོ་རིམ་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་57.62%ཟིན་པ་བཅས་རེད།

    དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་བོད་ཀྱིས་སློབ་གསོ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭའི་དབར། ཚོགས་སྤྱི་བཅས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་ནས་དེ་བས་སྤུས་ཚད་མཐོ་བ་དང་ནང་དོན་ལྡན་པའི་སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་བཏང་བ་དང་། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མ་ལག་བཙུགས་ནས་སྔ་རྗེས་སུ་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་ཐེངས་21མཐོ་རུ་བཏང་སྟེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་4620ཟིན་པ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ནང་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1000ཟིན་པ་དང་ལོ་རེར་སློབ་མ་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་པ། སློབ་གསོའི་དུས་མཚམས་ཡོངས་ལ་ཁྱབ་པའི་སློབ་མའི་རོགས་སྐྱོར་མ་ལག་བཙུགས་པ་དང་2012ལོ་ནས་བཟུང་རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་393.2དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་ཁྲི་2094ཟིན་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་བདེ་འཇགས་འཐུང་ཆུའི་ལས་གྲྭ་ལེགས་གྲུབ་བྱུང་བ་དང་། ས་བབ་མཐོ་བའི་སློབ་གྲྭ་1682ལ་དྲོད་རླངས་མཁོ་འདོན་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ། 2023ལོར་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་འཆར་གཞིའི་མི་གྲངས་605མང་དུ་བཏང་བ། བོད་ལྗོངས་ཁྲེང་ཏུའི་སློབ་གྲྭ་སྐྲུན་མགྱོགས་སུ་བཏང་བ། དབང་སྐྱོན་ལོ་ཆུང་བྱིས་པ་དང་གྲོང་ཁྱེར་དུ་གླ་པ་རྒྱུག་པར་ཡོང་མཁན་དང་མཉམ་དུ་ཡོང་བའི་བུ་ཕྲུག་གི་སློབ་ཞུགས་འགན་ལེན་ཐུབ་པ། རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞི་དང་། གཙོ་གནད་མཐོ་སློབ་ཀྱི་ཆེད་དོན་སློབ་བསྡུ་དང་གྲོང་གསེབ་ཀྱི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་བོད་ལྗོངས་སློབ་གསོའི་ཇོ་མོ་གླང་མའི་སྤྲིན་སྟེགས་དང་རྒྱལ་ཁབ་ཀྱི་བློ་རིག་སློབ་གསོའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།