དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • རྒྱ་བོད་ཡིག་སྒྱུར་སྐོར་གྱི་རིག་གནས་ཁྱད་པར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    འཛམ་གླིང་ཡང་རྩེར་གནས་པའི་ཁ་བའི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་འཛམ་གླིང་གི་ཤེས་རིག་དར་སྔ་བའི་མི་རིགས་གཞན་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་བྱུང་ཞིང་། ཡང་སྒོས་སུ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཡིག་སྒྱུར་ལ་བརྟེན་ནས་རྒྱ་དཀར་ནག་གི་གཙོས་པའི་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་བྱས་པ་དེས། བོད་རིགས་ཀྱི་སེམས་ཁམས་དང་། རིག་གནས་སྤྱི་འཕེལ་འགྱུར་ཆེན་པོ་སོང་ཡོད། དེང་གི་ཆར་ཡང་རྒྱ་བོད་ཡིག་སྒྱུར་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དུས་རབས་གསར་པའི་དགོངས་པ་དྲིལ་བསྒྲགས་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཏུ་གྱུར་ཡོད། འོན་ཀྱང་མི་རིགས་སོ་སོའི་རིག་གནས་རྒྱབ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། སྐད་བརྡའི་བེད་སྤྱོད་གཏོང་སྟངས་སོགས་ལ་ཁྱད་པར་ཡོད་པའི་རྐྱེན་གྱིས་ཡིག་སྒྱུར་བྱེད་པའི་སྐབས་སུ་ཁོར་ཡུག་དང་འབྱུང་ཁུངས། གོམས་སྲོལ་སོགས་བསྟུན་རྒྱུ་ཤིན་ཏུ་ནས་གལ་ཆེ།

    དང་པོ། ཁོར་ཡུག་གི་ཁྱད་པར།

    བོད་རིགས་ཀྱི་འབྱུང་ཁུངས་ནི་མཚོ་བོད་ས་མཐོ་ཡིན་པ་དང་། ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། རྒྱའི་མི་རིགས་ཀྱི་འབྱུང་ཁུངས་ནི་རྨ་ཆུའི་འབབ་རྒྱུད་དུ་ཡིན་ཞིང་ས་བབ་ཅུང་ཁོད་སྙོམས་ལ་ཆར་ཆུ་དུས་སུ་འབབ་ཞིང་ས་རྒྱུ་གཤིན་པ་དང་། གསོ་རླུང་འདང་ངེས་ཡོད་པས་མི་རིགས་གཉིས་ཀྱི་འཚོ་བ་སྐྱེལ་སའི་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་རང་སོ་སོའི་འཚོ་བར་འཛིན་པའི་ལྟ་ཚུལ་ལའང་ཁྱད་པར་ཕྲན་བུ་ཡོད། དེས་ན་ས་བབ་མི་འདྲ་བའི་ཁོར་ཡུག་གི་མཚོན་བྱེད་ཐ་སྙད་ཀྱི་གོ་དོན་ཡང་མི་འདྲ། དཔེར་ན།喜鹊报喜、乌鸦报丧ཞེས་པ་དེའི་ནང་གི་喜鹊ལ་རྒྱའི་མི་རིགས་ཀྱི་དམངས་སྲོལ་ནང་སྐྱ་ཀ་ནི་གཏམ་བཟང་སྐྱེལ་མཁན་གྱི་ཕོ་ཉའི་མཚོན་བྱེད་ཡིན་ནའང་། བོད་མི་རིགས་ཀྱི་རིག་གནས་ནང་བྱ་སྐྱ་ཀ་ཕྲུ་གུས་མ་སྤུ་བཏོག མྱི་བུ་ངན་སྐྱེས་ནས་ཕ་མར་སྡང་ཞེས་སྐྱ་ཀ་ནི་དྲིན་ལན་ལོག་མཇལ་དང་མགོ་བདེ་དྲན་འཁྲུལ་བྱེད་མཁན་ཞིག་ལ་ངོས་འཛིན་གྱི་ཡོད།

    གཉིས་པ། གོམས་སྲོལ་གྱི་ཁྱད་པར།

    དེ་ཡང་རང་རྒྱལ་གྱི་སྐད་གྲགས་ལྡན་པའི་མཁས་དབང་ཝང་ཙུའོ་ལེན་གྱིས“ལོ་ཙཱ་བས་ཕབ་སྒྱུར་བྱེད་པ་ནི་ཡིག་རིགས་མི་འདྲ་བ་གཉིས་ཀྱི་མིང་ཚིག་ཡིན་ཡང་། ཁོ་ལ་འཕྲད་པའི་གནད་དོན་ནི་རིག་གནས་མི་འདྲ་བ་གཉིས་ཡིན”ཞེས་གསུངས་པ་ལྟར། དཔེར་ན། རྒྱའི་གཏམ་དཔེའི་ཁྲོད“身在曹营心在汉”ཟེར་བ་དང་“过五关斩六将”“城门失火,殃及池鱼”སོགས་མང་པོར་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ལས་བྱུང་བའི་ཤོད་རྒྱུན་ཡོད་ཅིང་། གོང་གསལ་གྱི་གཏམ་དཔེ་དང་དཔེ་ཆོས་རྣམས་བོད་ཡིག་ལ“ལུས་པོ་ཚའོ་སྒར་དང་སེམས་པ་ཧེན”“འགག་སྒོ་ལྔ་གཏོར། དགྲ་དཔོན་དྲུག་བསད”“མཁར་སྒོར་མེ་ཤོར་ནས། ཉ་མོར་ཆག་སྒོ་ཕོག”ཅེས་ཐད་ཀར་རྒྱ་ཡིག་གི་ཚིག་ཟིན་ལྟར་བསྒྱུར་ན་གཏམ་དཔེ་དེ་དག་གི་དོན་གསལ་པོར་སྟོན་མི་ཐུབ་ལ། གཏམ་དཔེ་དེ་དག་གི་དམིགས་བསལ་གྱི་ཁྱད་ཆོས་དང་། ཁྱད་འཕགས་ཀྱི་ནུས་པར་གོ་བ་གནད་ལ་འཁེལ་པོ་ལོན་མི་ཐུབ་པར། དེ་ལས་ལྡོག་སྟེ་བརྗོད་དོན་ལོག་པར་གྱུར་བའི་སྣང་ཚུལ་ཡང་ཐོན་སྲིད་པས། དེ་ཡང་《སྒྲ་སྦྱོར་བམ་པོ་གཉིས་པ》ལས“བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་གསུངས་པའི་རྩ་དོན་ལྟར། “འབྲུག་མོ་ཧོར་དང་བསམ་པ་གླིང”“དཀའ་ལས་བྱས་པ་ཅན”“ཐག་ཞོར་འབྲེང་དྲུད”ཅེས་བོད་ཀྱི་སྐད་དང་བརྡ་སྤྲོད་ཀྱི་གཞུང་ལ་བསྟུན་ནས་བསྒྱུར་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་མ་ཡིག་གི་བརྗོད་དོན་རྣམས་ཧ་ཅང་གསལ་ཞིང་ཡང་དག་པའི་སྒོ་ནས་རྟོགས་ཐུབ་སྙམ། དེས་མ་ཟད་གཏམ་དཔེ་དེའི་རིགས་སྐད་ཡིག་གཞན་དུ་བསྒྱུར་དུས། ངེས་པར་དུ་གཏམ་དཔེ་དེ་ཚོའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་། མི་སྣ། གཏམ་རྒྱུད་དག་ལ་རྒྱུས་མངའ་ངེས་ཅན་ཞིག་དགོས་ཤིང་། ཐད་སྒྱུར་ཁོ་ན་མ་ཡིན་པར་དོན་སྒྱུར་གཙོ་བོར་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེའི་ཀློག་པ་པོར་ཁ་ཕྱོགས་ནས། གང་གོ་གང་བདེར་བསྒྱུར་ན་འགྱུར་སྤུས་དག་པ་ཞིག་ཡོང་ངེས་རེད་སྙམ།

    གསུམ་པ། མ་ཡིག་ལ་བསྟུན་པ་དང་ཐ་སྙད་བརྗེས་ནས་སྒྱུར་སྟངས་སྐོར་བཤད་པ།

    བོད་ཀྱི་རིག་གནས་ནི་གནའ་བོའི་རྒྱ་གར་དང་ཀྲུང་ཡོན་རིག་གནས་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ལོ་ངོ་སྟོང་གི་རིག་གནས་མཉམ་འདྲེས་བརྒྱུད་བོད་མི་རིགས་ཀྱི་རང་ལུགས་ལྟར་གསར་གཏོད་བྱས་པའི་སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་སོགས་རིག་གནས་ཆེ་ཆུང་ལྔ་ལས་གྲུབ་པའི་བོད་ཀྱི་རིག་གཞུང་རླབས་པོ་ཆེ་ཞིག་ཡིན། སྐད་ཡིག་ཅིག་འདྲ་ཞིག་ཡིན་རུང་བསྡུ་ལེན་དང་། མཉམ་འདྲེས། བསྐྱར་ལེན། བསྐྱར་འདྲེས་སོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་ཡོད་ཅིང་། ཡིག་སྒྱུར་ལས་སྒོས་དེའི་ཁྲོད་རིག་གནས་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་པ་སྨོས་མེད་རེད། འོ་ན་ཞིབ་ཕྲའི་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མ་ཡིག་ལ་བསྟུན་ཆེད་ཞྭ་དཔེ་ལྷམ་འགེབས་བྱས་ན་འགྲིག་གམ་ཞེ་ན། དོན་དངོས་ལས་མཚོན་པར་དེ་ནི་ཡིག་སྒྱུར་གྱི་ཚད་གཞི་ལས་འགལ་བ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཐོག་རིག་གཞུང་ཁག་མང་པོ་ཡིག་སྒྱུར་བྱེད་སྐབས་སྒྱུར་ཡིག་དེ་མ་ཡིག་ལ་བསྟུན་རྒྱུ་དང་རང་མི་རིགས་ཀྱི་སྐད་འགྲོས་དང་བརྡ་སྤྲོད་ཀྱི་ཆོས་ཉིད་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག་མ་ཡིག་གི་ཞིབ་ཕྲའི་སྐད་བརྡའི་གནས་སྐབས་ལ་གཞིགས་ཏེ་ཐ་སྙད་བརྗེས་ནས་བསྒྱུར་བ་དང་བསྡུས་སྒྱུར་བྱས་ན་འགྲིག་གི་ཡོད། མཚམས་རེ་མ་ཡིག་གི་བརྗོད་པར་གོ་དོན་ཁ་ཤས་ཡོད་པའི་ཐ་སྙད་འཕྲད་ཚེ་མ་ཡིག་གི་སྔ་ཕྱིའི་གཏན་ཚིགས་འབྲེལ་བར་གཞིགས་ནས་གོ་བ་བླངས་ཏེ་སྐབས་དོན་གང་ལ་དེ་འཚམས་ཀྱིས་ཕབ་སྒྱུར་བྱེད་དགོས་པ་དང་། དེ་བཞིན་མ་ཡིག་གི་བརྗོད་ཚིག་གི་སྦྱོར་སྟངས་དང་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་བློ་ཞིབ་མོས་བརྟག་ནས་མ་ཡིག་གི་ནང་དོན་ལྟར་ཐད་སྒྱུར་མ་བྱས་པར་ཐ་སྙད་གཞན་སྤྱོད་དགོས།

    དཔེར་ན། ང་ཚོས་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་“看驻村工作成果”ཞེས་པ་དེའི་ནང་གི་བྱ་ཚིག་看དེ་ཡིག་ངོས་ལྟར་སྐད་བརྡའི་གནས་སྐབས་ལ་མ་བརྟག་པར་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ལ་ལྟ་ཞེས་ཐད་ཀར་བསྒྱུར་ན་མིག་གིས་ལྟ་བ་ཁོ་ནར་གོ་ཉེན་ཆེ་བས། བྱ་ཚིག་དེ“བརྟག་གམ་དཔྱད”ཀྱིས་ཚབ་བྱས་ནས་བསྒྱུར་ན་མ་ཡིག་ལ་བསྟུན་ཐུབ་པ་དང་བསྟན་བྱའི་ནང་དོན་ཡང་དག་མཚོན་ཐུབ། ཡང་དཔེར་ན“创中国旅游品牌”ཞེས་པ“ཀྲུང་གོའི་ཡུལ་སྐོར་ཁྱད་རྟགས་གཏོད”ཅེས་ཐད་ཀར་ཕབ་སྒྱུར་མ་བྱས་པར“ཀྲུང་གོའི་ཡུལ་སྐོར་གནས་མཆོག་གཏོད”ཅེས་བསྒྱུར་ན་འཚམ་པ་འདུག་སྙམ། དེར་བརྟེན་ལོ་ཙཱ་བར་མ་ཡིག་ཅི་འདྲ་ཞིག་འཕྲད་རུང་མ་ཡིག་གི་བརྗོད་པའི་གོང་འོག་གི་གཏན་ཚིགས་འབྲེལ་བར་བློ་ཞིབ་མོས་བརྟག་ཚེ་མ་ཡིག་ལ་བསྟུན་ཐུབ་པ་མ་ཟད། གོ་བདེ་རྟོགས་སླ་བའི་ཚད་གཞི་དང་མཐུན་ཐུབ།

    མདོར་ན་བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་རྨང་གཞི་ནི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཡིན་ཞིང་། ཡིག་སྒྱུར་གཞུང་ལུགས་ཀྱི་འཕེལ་རིམ་ལོ་རྒྱུས་ནི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ་ལོ་རྒྱུས་དང་ཐད་ཀར་འབྲེལ་བ་ཡོད་པའི་ལོ་རྒྱུས་ཤིག་ཡིན། དེ་ཡང་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》ཞེས་པའི་མཇུག་མཆན་དུ་གངས་རིའི་ལྗོངས་འདིར་མཉམ་མེད་རྒྱལ་བའི་བཀའ། །དགོངས་འགྲེལ་བཅས་པ་འགྱུར་རོ་ཅོག་རྣམས་ཀྱི། །གསར་རྙིང་བརྡ་ཡི་ཁྱད་པར་མཐའ་ཡས་པ། །ཆོས་སྤྱན་ཡངས་པའི་འཇིག་རྟེན་མིག་རྣམས་ཀྱིས། ། སྤྱོད་ཡུལ་མིན་ན་བདག་ལྟས་ཅི་ཞིག་རྟོགས། །ཇི་བཞིན་མཁྱེན་པའི་མཁས་པས་བཟོད་མཛད་དེ། །ལེགས་པར་བཤད་པའི་བདུད་རྩིས་མཉེས་པར་མཛོད། །ཅེས་གསུངས་པ་དང་། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《དག་ཡིག་མཁས་པའི་འབྱུང་གནས》དང་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་མཛད་པའི་ལོ་ཙཱའི་སྐོར་གྱི་གསུང་རྩོམ་གང་ལ་བལྟས་ཀྱང་བོད་ཀྱི་ཡིག་སྒྱུར་རིགས་ལམ་ནི་སམ་བོད་བརྡ་སྤྲོད་དང་མི་རིགས་ཞིག་གི་རིག་གནས་རྒྱབ་ལྗོངས་ཀྱི་ཁྱད་པར་དང་འབྱུང་ཁུངས་གོམས་སྲོལ་ཀྱི་ཁྱད་པར་སོགས་ལ་དོ་སྣང་བྱས་པའི་ཐོག་ཕྲད་དང་རྣམ་དབྱེ་སོགས་ལེགས་པར་སྤྱོད་རྒྱུ་དང་ཁ་འབྲལ་ཐབས་མེད། གུས་མོ་ལོ་ཙཱའི་གཞུང་ལུགས་ཀྱི་ལྟ་རྒྱ་ཐོས་རྒྱ་ཆུང་ལ་ལག་ལེག་གྱིས་དབུལ་བས། འདིར་གླེང་བའི་རྒྱ་བོད་ཡིག་སྒྱུར་སྐོར་གྱི་རིག་གནས་ཁྱད་པར་སྐོར་རགས་ཙམ་གླེང་བ་ཞེས་པའི་དཔྱད་རྩོམ་ཐུང་ངུ་འདིའི་ནང་གོ་བ་འཁྲུལ་བ་དང་དོན་འགྲེལ་ལོག་པ་སོགས་ཡོད་སྲིད་པས། ཁྱེད་རྣམ་པས་རིན་བྲལ་གྱི་སྐྱོན་བརྗོད་ཡོ་བསྲང་ཡོང་བར་སྙིང་དབུས་ནས་རེ་བ་ཞུའོ།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་བུ་སྒྲོལ་དཀར)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།