རང་ལྗོངས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
ཚེས་12ཉིན་གྱི་སྔ་དྲོར། གསར་འགོད་པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་ཚུན། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་བྱུང་ཡོད། 2023ལོར། བོད་དུ་སྦྲུམ་མ་འཆི་ཚད་ཁྲི་10རེ་ཁྲོད་ནས་38.63བཟུང་བ་དང་ཕྲུ་གུ་དམར་འབྱར་འཆི་ཚད་5.37‰ཟིན་པའི་གྲངས་ཀ་འདི་གཉིས་ལོ་རྒྱུས་ཀྱི་དམའ་ཤོས་སུ་ཆག་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་ཐུབ་ཡོད་པ་རེད།
འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། དེང་རབས་ཀྱི་སྨན་ཁང་ཧ་ཅང་དཀོན་པ་ནས་རིམ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་པའི་བར། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་43ནས་2023ལོའི་1821བར་མང་དུ་ཕྱིན་པ་དང་། སྨན་བཅོས་སྒྲིག་གཞིའི་ནད་ཁྲི་ཁྲི་2.2བར་མང་དུ་ཕྱིན་པ། མི་འབོར་སྟོང་རེར(ལས་རོགས)སྨན་པ་དཀའ་བཅུ་པ་3.34བར་མང་དུ་ཕྱིན་པ། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་ཧྭ་ཤིས་སྨན་ཁང་གཉིས་པས་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་2ལྷ་སར་བཙུགས་པ། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ནད་བརྟག་སྨན་བཅོས་བྱེད་ཚད་མི་ཐེངས་བསྡོམས་ཁྲི་1571ལས་བརྒལ་བ་དང་སྨན་ཁང་དུ་སྡོད་མཁན་ནད་པ་ཁྲི་36.4ལས་བརྒལ་བ། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པ་བཅས་བྱུང་སྟེ། མང་ཚོགས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་སྨན་བཅོས་ཐུབ་པའི་འདུན་པ་མངོན་འགྱུར་བྱུང་ཡོད།
སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལེགས་སུ་ཤུགས་ཆེན་སོང་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་མེད་པ་ནས་ཡོད་པ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བའི་བར། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་བཙུགས་ཡོད། “རིམས་འགོག་སྨན་ཁབ་10ཡིས་རིམས་ནད་11འགོག་པའི”རིམས་འགོག་ཐབས་ཇུས་གཏན་འཁེལ་བྱས་ཏེ། རིམས་འགོག་འཆར་འགོད་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་དྲ་རྒྱ་བཙུགས་པར། རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་ཐུབ་ནས་འགོ་ནད་སྣ་ཚོགས་ཐོན་ཚད་དང་མི་སྣ་འཆི་ཚད་ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་སུ་སླེབས་ཡོད།
བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མཐོ་རུ་ཤུགས་ཆེན་སོང་ཞིང་། བུད་མེད་དང་བྱིས་པའི་བདེ་ཐང་གི་རྣམ་གྲངས་རྐྱང་པའི་ཞབས་ཞུ་དེ་བུད་མེད་དང་བྱིས་པའི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་བར་རིམ་བཞིན་རྒྱ་སྐྱེད་བཏང་ནས། གཉེན་སྒྲིག་མ་བྱས་གོང་དང་། མངལ་མ་འཁོར་གོང་། མངལ་འཁོར་རིང་། ཕྲུ་གུ་བཙས་རྗེས། བྱིས་དུས་བཅས་ཀྱི་ཞབས་ཞུའི་འཁོར་འབྲེལ་ཆགས་པ་དང་བུད་མེད་ཀྱི“འབྲས་སྐྲན་གཉིས”རིན་མེད་གྲལ་བཤེར་དང་སློབ་ལོ་ལོན་པའི་བུ་མོར་HPVརིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། བུད་མེད་དང་བྱིས་པ་དེ་བས་མང་བས་བདེ་སྲུང་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
བདེ་ཐང་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ཕན་ཚུན་འབྲེལ་མཐུད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་ནས“ཁག་གཅིག་རེ་གསུམ”གྱི་ཐབས་ཇུས་གཞིར་བཟུང་ནད་གཞི་ཚབས་ཆེ་རིགས་38ཕོག་མཁན་ནད་པ་དབུལ་པོར་ཚད་ལྡན་ཅན་གྱི་གཅིག་སྡུད་སྨན་བཅོས་དང་། གཅོང་ནད་ཕོག་པའི་ནད་པ་དབུལ་པོར་གཞི་རྩའི་སྨན་བཅོས་དང་ཁྱིམ་ཚང་སྨན་པའི་གན་འཇོག་དོ་དམ་ཞབས་ཞུ། ནད་གཞི་ལྕི་པོ་ཕོག་པའི་ནད་པ་དབུལ་པོར་ཐ་སྐྱོང་འགན་ལེན་བཅས་བྱེད་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་བ་དང་དབུལ་ལོག་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།
འཕྲོད་བསྟེན་བོད་སྐྱོར་ལས་དོན་གྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་དང་ཕན་འབྲས་ཆེ་རུ་སོང་ཞིང་། 2015ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བོད་སྐྱོར་གྱི་ཉམས་མྱོང་ཕྱོགས་སྡོམ་གནང་སྟེ། གསར་གཏོད་རང་བཞིན་གྱི་སྒོ་ནས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་པས“ཞིང་ཆེན་གྱིས་སྨན་ཁང་འགན་གཙང་ལེན་པ་དང་། སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ། ཚོགས་སྒྲིག་རོགས་སྐྱོར། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྣམ་པ་གསར་པ་གྲུབ་པ་དང་། རིམ་རྩིས་བྱས་ན་སྨན་བཅོས་རིགས་གཅིག་མཁས་ཅན་1800ལྷག་ཙམ་འདེམས་མངགས་བྱས་ཏེ་རྩེར་སོན་ལག་རྩལ་དང་སྔོན་ཐོན་དོ་དམ་བྱེད་སྟངས་ས་མཐོར་ཁྱབ་གདལ་བཏང་བ་དང“1+7+13”སྨན་ཁང་གི་ལག་རྩལ་གྱི་དཀའ་གནད་བསལ་བ་དང་ལག་རྩལ་གྱི་སྟོང་ཆ་གསབ་པར་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ནས་ས་གནས་དེ་གའི་སྨན་བཅོས་ཚོགས་པ་དང་སྨན་དོན་པར་རོགས་འཁྲིད་བྱས་ཏེ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་ཡོད།
བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་ཞིང་། 1986ལོ་ཚུན་དུ་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་སྐོར་གྱི་ཚོགས་ཆེན་ཐེངས་བཞི་འཚོགས་པ་རེད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)སྒོ་བྱང་བཀལ་ནས་གྲབས་འཛུགས་བྱས་ཡོད། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་1དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་6 རྫོང་དང་ཆུས་རིམ་པའི་བོད་ལུགས་གསོ་རིག་སྒྲིག་གཞི་41བཅས་བཙུགས་ཡོད། ལྗོངས་ཡོངས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སུ་བོད་ལུགས་གསོ་རིག་གི་ཞབས་ཞུ་ཁྱབ་ཚད་100%དང་། 94.4% 42.4%བཅས་སོ་སོར་ཟིན་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས་17གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་31ལྷག་ཙམ་ཟིན་པ་དང“བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་པ། 《གསོ་རིག་རྒྱུད་བཞི》“འཛམ་གླིང་གི་དྲན་ཤེས(རྒྱལ་སྤྱི)ཀྱི་མིང་གཞུང”ནང་ཚུད་ཡོད། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐད་སྨན་བཅོས་དང་། འཕྲོད་སྦྱོར། ཚན་ཞིབ། སློབ་གསོ། ཐོན་ལས། རིག་གནས་བཅས“ཕྱོགས་དྲུག་གཞི་གཅིག”གི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད།