དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

     ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝང་ཅུན་ཀྲེང་གིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཐད་གནང་བའི་མཆན་བཀོད་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་ཆེད་དོན་ཞིབ་འཇུག་གནང་ནས་སྐུལ་འདེད་བྱེད་ཐབས་བཀོད་སྒྲིག་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། རང་འགུལ་ངང་འགན་འཁྲི་ཁུར་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྷགས་པའི་གནད་དོན་དང་ཞན་ཆར་དམིགས་ཏེ་གནད་ལ་འཁེལ་བ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ནས་དམིགས་ཡུལ་གྱི་བསམ་གཞིག་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱེད་དགོས། ལྗོངས་ཡོངས་ཀྱི་ནུས་ཤུགས་གཅིག་སྡུད་བྱས་ནས་ས་མཐོའི་ནད་ཀྱི་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་རེ་ཞུ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་ཚོགས་སྒྲིག་རོགས་སྐྱོར་གྱི་གསོ་རིག་རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་བཏང་ནས་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་ལེགས་སུ་བཏང་ནས་སྨན་རྫས་དང་ཡོ་བྱད་ཉོ་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཞིབ་བཤེར་གྱི་འགག་སྒོ་ནན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞུང་བཙུགས་མིན་པའི་སྨན་བཅོས་སྒྲིག་གཞི་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ། གླ་ཕོགས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རིམ་པ་ཁག་གི་སྨན་དོན་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རིང་རྗེས་འདེད་དང་ཕན་འབྲས་འདྲི་རྩད་བྱས་ཏེ་འགན་འཁྲི་ནན་དུ་གཏོང་བ་དང་། ལྷགས་པའི་གནད་དོན་ལ་དམིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་བཀོད་གཏོང་ཧུར་ཐག་བྱེད་པ། དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།