དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྨན་བཅོས་འཕྲོད་བསྟེན་ལས་ལ་གཞོལ་ནས་ལོ་36སོང་བའི་ལྷག་ཆུང་གིས་བརྗོད་དོན།

    “ཏང་གི་བཀའ་དྲིན་ལས་མང་ཚོགས་ལ་སྨན་བཅོས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-07

    “ང་རང‘མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང’ནང་སྐྱེས་པ་ཞིག་ཡིན། པཱ་ལགས་རྒྱ་རིགས་དང་ཨ་མ་ལགས་བོད་རིགས་ཡིན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཨ་མ་ལགས་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནང་ལས་ཀ་རག ཁོང་གི་ཤུགས་རྐྱེན་འོག་ང་རང་ཆུང་དུས་ནས་སྨན་དོན་མི་སྣ་ཞིག་བྱ་རྒྱུའི་བསམ་བློ་འཁོར་གྱི་ཡོད”ཅེས་རྒན་ཡོལ་ཞུས་ཟིན་པའི་ལྷག་ཆུང་གིས་གསར་འགོད་པར་བརྗོད།

    དགའ་ཞེན་ཆེ་བའི་དབང་གིས་ལྷག་ཆུང་མཐོ་རིམ་སློབ་འབྲིང་ཐོན་རྗེས་སྐབས་དེ་དུས་ཀྱི་རང་སྐྱོང་ལྗོངས་འཕྲོད་བསྟེན་སློབ་གྲྭར་བསྐྱོད། 1983ལོར་སློབ་གྲྭ་ཐོན་རྗེས་ཁོང་གིས་ཨ་མ་ལགས་དང་མཉམ་དུ་སྨན་བཅོས་ཁོངས་གཏོགས་སུ་ཞུགས་ནས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའ་ཚན་ཁག་ཏུ་ལས་ཀ་བྱས། སྨན་བཅོས་འཕྲོད་བསྟེན་ལས་ལ་གཞོལ་ནས་ལོ་36སོང་རྗེས་2018ལོར་ལྷག་ཆུང་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་པ་རེད།

    སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་སོང་བའི་དཔང་པོ་མཁན་དང་དངོས་སུ་བརྒྱུད་མྱོང་མཁན་ཡིན་པའི་ལྷག་ཆུང་གིས“བོད་རྙིང་པར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག མི་སེར་ཚོའི་ཟས་གོས་སྡོད་གསུམ་འགན་ལེན་མེད་པས། ནད་གཞི་ཕོག་ཚེ་ཤི་སྒུག་བརྒྱབ་ནས་སྡོད་རྒྱུ་ལས་ཐབས་གཞན་མེད། སྐབས་དེ་དུས་ཀྱི་སྨན་བཅོས་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་པས་སྨན་བཅོས་ཐོན་ཁུངས་ཧ་ཅང་དཀོན་པའི་གནས་ཚུལ་འོག མི་མང་པོ་ཞིག་གིས་སྡུག་རུས་བརྒྱབ་ནས་སྡོད་དགོས་པའི་སྐོར་ཕ་མ་གཉིས་ཀྱིས་གསུངས་མྱོང་ཡོད”ཅེས་བརྗོད།

    1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་བོད་དུ་ལྡང་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་ཅིང་། ལོ་65ཡི་རིང་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། མི་སེར་ཚོར་རང་ཉིད་ལ་དབང་བའི་ས་ཞིང་དང་། ཕྱུགས་རིགས། སྡོད་ཁང་བཅས་ཡོད་པ་མ་ཟད། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ཀྱང་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་སོང་ཡོད་པ་རེད།

    “དེ་སྔའི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྒོ་བསྟེན་སྨན་བཅོས་ཁང་1ལས་མེད་པ་དང་སྨན་ཁང་ཧྲིལ་པོ་ཐོག་ཁང་སྟར་པ་གཅིག་པུ་དེ་རེད”སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སྨན་ཁང་དེ་ཐོག་ཁང་སྟར་པ་གཅིག་ནས་ད་ཆའི་ས་བཟུང་རྒྱ་ཁྱོན་མུའུ་119.7ཡོད་པ་དང་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ཟིན་པ་དང་། སྒོ་བསྟེན་སྨན་བཅོས་ཁང་ཁོ་ན་ལས་མེད་པ་ནས་ད་ཆའི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། མྱུར་སྐྱོབ། བདེ་སྲུང་། སླར་གསོ། བདེ་ཐང་བརྟག་དཔྱད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་གྱུར་པ། སྨན་དོན་པ་བཅུ་གྲངས་ནས་ད་ཆའི་སྒྲིག་ཁོངས་སུ་ཡོད་པའི་མི་500ལྷག་ཙམ་བར་མང་དུ་སོང་བ་བཅས་ཀྱི་འགྱུར་ལྡོག་དངོས་སུ་མཐོང་བྱུང་ཞེས་ལྷག་ཆུང་གིས་མྱོང་ཚོར་ཟབ་མོས་བརྗོད།

    “དེ་ནི་ཏང་གིས་མང་ཚོགས་ཚོར་སྨན་བཅོས་འགན་བཅོལ་ཡོད་པར་བྱས་ཡོད”ཅེས་ལྷག་ཆུང་གིས་བརྗོད།

    ལོ་མང་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ལས་དོན་དེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོར་དམིགས་པ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་རྒྱ་ཕྱི་བཅས་ཟུང་དུ་འབྲེལ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་གྲུབ་པ་མ་ཟད། སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་ཐབས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་གྱིས་བཙུགས་ཏེ། རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་ཁྱབ་པ་དང་། སྨན་བཅོས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བརྟན་པོ་བཏང་བས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལོ་རེ་བཞིན་ཆེ་རུ་སོང་ཡོད་པ་རེད།

    མྱོང་ཚོར་ཟབ་ཤོས་སྐོར་གླེང་སྐབས་ལྷག་ཆུང་གིས་དེ་ནི་མང་ཚོགས་ཚོའི་བསམ་བློར་འགྱུར་ལྡོག་ཕྱིན་པ་དེ་རེད། “དེ་སྔོན་སྦྲུམ་མས་ཕྲུ་གུ་མ་བཙས་གོང་སྨན་ཁང་དུ་བརྟག་དཔྱད་བྱེད་པའི་བསམ་བློ་མེད། སྨན་བཅོས་ཆ་རྐྱེན་ལེགས་སུ་དང་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་སོང་བ་དང་སྦྲགས། ད་ཆ་སྦྲུམ་མས་དུས་བཀག་ནང་སྨན་ཁང་དུ་བརྟག་དཔྱད་བྱས་ཏེ་ཕྲུ་གུའི་བདེ་ཐང་འགན་ལེན་ཐུབ་པར་བྱེད་ཀྱི་ཡོད”ཅེས་ལྷག་ཆུང་གིས་བརྗོད།

    ད་ཆ་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་སྨན་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་རྒྱ་གྲོང་གསེབ་ཏུ་ཁྱབ་པ། ཤང་ཚང་མར་འཕྲོད་བསྟེན་སྨན་ཁང་ཡོད་པ། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གྲངས་ལས་འདས་པ་བཅས་ཡོད། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་སྟེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།