དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་མཐོར་འདེགས་སྐོར་ཅུང་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    དགེ་རྒན་ནི་སློབ་མར་ཤེས་བྱ་སློབ་ཁྲིད་བྱེད་མཁན་གྱི་བྱེད་པོ་ཡིན་ལ་དེ་བས་ཀྱང་སློབ་མའི་མི་གཞི་གསོ་སྐྱོང་བྱེད་མཁན་གྱི་སློབ་གསོ་བ་ཞིག་ནི་ལོས་ཡིན། སློབ་མའི་ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ་ནི་སྤྱི་ཚོགས་དང་ཁྱིམ་ཚང་། སློབ་གྲྭའི་འོས་འགན་ཡིན་ལ། ལྷག་པར་དུ། དགེ་རྒན་ལ་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་བཀོད་པ་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད། ཤེས་ཡོན་དང་འཇོན་ཐང་། བརྩེ་དུང་དང་བྱམས་བརྩེ། གཏམ་གླེང་དང་བྱ་སྤྱོད། ཕུགས་བསམ་དང་བསམ་ཚུལ། འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། བྱ་དངོས་ལ་བཟུང་བའི་རྣམ་འགྱུར་སོགས་ལས་སློབ་མར་མངོན་ལྐོག་གང་རུང་ནས་དྲང་ལྡོག་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་མངོན་པར་ཐེབས་སྲིད་ལ་ཤུགས་རྐྱེན་དེ་ནི་བརྗེད་དཀའ་བ་དང་དྲན་སླ་བ་ཞིག་ཡིན།

    སློབ་ཆུང་གི་བརྒྱུད་རིམ་ཁྲོད་སློབ་མའི་གཤིབ་འདྲིས་མང་ཤོས་དང་འབྲེལ་བ་ཆེ་ཤོས་ནི་ཕ་མ་མ་ཡིན་པར་སློབ་ཁྲིད་དགེ་རྒན་དང་སློབ་གྲྭའི་ལས་བཟོ་བ་དག་ཡིན། དེས་ན་དགེ་རྒན་དང་སློབ་མའི་འབྲེལ་བའི་ངོ་བོ་འདི་ལས་སློབ་མས་དགེ་རྒན་གྱི་གཏམ་སྤྱོད་རེ་རེ་དང་བྱེད་ལུགས་བྱེད་སྟངས་ཚང་མར་དོ་ཁུར་བྱེད་པ་ནི་གཏན་འཁེལ་ཡིན། སློབ་མ་ནི་དགེ་རྒན་དང་གྲོས་བསྡུར་བྱེད་པ་དང་དགེ་རྒན་དང་ཕན་ཚུན་བསྡུར་བ་གཏོང་བར་དགའ་བ་ཞིག་ཡིན་ལ། དགེ་རྒན་གྱི་གཏམ་སྤྱོད་ལ་དཔེ་བསྡུར་དང་ཞིབ་བསྡུར་གྱིས་དཔྱད་འཇོག་མཁན་ཞིག་ཀྱང་ཡིན། ང་ཚོས་སློབ་མའི་བྱེད་སྟངས་དེ་རིགས་ལ་དོ་ཁུར་ཆེན་པོས་བསམ་བློ་དང་ལས་དོན། བྱ་སྤྱོད་ཀྱི་ཐད་མི་འདང་བའི་ཆར་བསམ་གཞིག་དང་ལེགས་བཅོས་ཧུར་ཐག་བྱ་དགོས་པ་ལས་བྱིས་པ་བསམ་མེད་ཀྱི་བཤད་པའི་སྐད་ཆར་ཉན་རིན་མེད་ཅེས་བརྗོད་ན་དེ་ནི་རང་གིས་རང་ལ་འགན་མི་འཁུར་བ་ཞིག་ལོས་ཡིན།

    སློབ་ཆུང་སློབ་མར་བབ་ཆགས་དང་སེམས་བཟང་། དྭངས་གཙང་ལྷན་མེད་ཀྱི་བྱིས་བློ་ཡོད་པས་མཉམ་སྡེབ་ལ་སེམས་ཁུར་དང་གཞན་ཕན་སྒྲུབ་པར་དགའ་བ། ངལ་རྩོལ་ལ་དགའ་བ། བདེན་པའི་རྒྱབ་ལངས་བྱེད་པ་སོགས་ཀྱི་སློབ་མའི་ལུས་སྟེང་དུ་རྒྱུན་གཏན་གྱི་རིན་ཐང་ཆེ་བའི་གཤིས་རྒྱུད་མང་པོ་ཞིག་ལ་ང་ཚོས་བསམ་བློ་མནན་ནས་སློབ་སྦྱོང་དང་མིག་དཔེ་བྱེད་རིན་ཡོད་པ་ཞིག་ལགས། བསླབ་གཞི་གསར་པའི་སྒྱུར་བཅོས་ཁྲོད་དགེ་རྒན་ལ་ངེས་པར་ལྡན་དགོས་པའི་ཀུན་སྤྱོད་ནང“དང་པོ། དགེ་རྒན་ལ་སློབ་མས་བརྩི་འཇོག་ཐོབ་ཐུབ་པའི་ཀུན་སྤྱོད་ལྡན་དགོས་པ། གཉིས་པ། དགེ་རྒན་ལ་སློབ་མར་རོགས་རམ་དང་སྣེ་ཁྲིད་བྱེད་པའི་སྤྱོད་གཤིས་འཛོམས་དགོས་པ། གསུམ་པ། དགེ་རྒན་རང་ཉིད་ཀྱི་བྱ་སྤྱོད་ལ་དག་ཐེར་བྱེད་པའི་ཀུན་སྤྱོད་ལྡན་དགོས་པ། བཞི་པ། དགེ་རྒན་ལ་དགེ་སློབ་ཕན་ཚུན་བར་འབྲེལ་འདྲིས་བྱེད་ཐུབ་པའི་སྤྱོད་གཤིས་ལྡན་དགོས”ཞེས་གསལ་བ་དང་། སྐབས་སྐབས་སུ། ང་ཚོའི་བྱ་སྤྱོད་འགའ་རེ་ནི་སློབ་མར་ངོ་གནོང་དགོས་པ་ཞིག་འདུག་པས་སློབ་མ་དང་མཉམ་དུ་བྱེད་སྒོར་ཞུགས་པ་དང་སྙིང་གཏམ་ཤོད་རེས། མང་ཙམ་ཉན་པ་དང་ལྟ་བའི་ཐབས་ལམ་བརྒྱུད་ནས་སློབ་མའི་བསམ་བློ་ཤེས་རྟོགས་དང་དགེ་རྒན་རང་ངོས་ཀྱི་ཀུན་སྤྱོད་ལ་ཤན་འབྱེད་ལེགས་པར་བྱ་དགོས།

    དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་ལ་སྤྱི་ཚོགས་ཧྲིལ་པོས་དོ་ཁུར་དང་མཐོང་ཆེན་བྱེད་མུས་ཡིན་ལ་གོང་རིམ་རྩ་འཛུགས་ནས་དགེ་རྒན་གྱི་ཀུན་སྤྱོད་ལ་བླང་བྱ་དང་རེ་བ་ནན་པོས་ཡིག་ཆ་དང་དགོངས་དོན་རབ་དང་རིམ་པའི་བརྒྱུད་བསྒྲགས་སློབ་སྦྱོང་གི་སྐུལ་སློང་གནང་མུས་ལགས་ཀྱང་། སློབ་གྲྭའི་དགེ་རྒན་རེ་འགའི་ཀུན་སྤྱོད་ད་དུང་ཡང་བསླབ་གཞི་གསར་པའི་སྒྱུར་བཅོས་དང་དེང་རབས་མི་གསར་གསོ་སྐྱོང་གི་བླང་བྱ་དང་མཐུན་གྱི་མེད། དེའང་། སློབ་མའི་མདུན་དུ་སྐད་ཆ་བཙོག་པ་ཤོད་པ་དང་གཞན་ལ་དམའ་འབེབས་གཏོང་བ། དགེ་རྒན་བུ་བུ་མོ་ཕན་ཚུན་འདེད་རེས་དང་འཐམ་འཁྱུད་བྱེད་པ། དབུ་ཁྲིད་ནས་སློབ་མ་དང་དགེ་རྒན་འདུས་པའི་ཁྲོད་ན་ངག་ཀྱལ་དང་ཐ་ཤལ་གྱི་ཅ་ཅོ་སྒྲོག་པ། དགེ་རྒན་ལ་བརྩི་འཇོག་དང་ངོ་སོ་ཙམ་མེད་པར་མཛུབ་མོ་འཛུགས་ཀྱང་དང་གཤེ་གཤེ་གཏོང་རྐྱང་བྱེད་པ། དགེ་རྒན་བུ་མོ་ཚོས་སྐྲ་ལོའི་ཁ་དོག་སྣ་ཚོགས་དང་གྱོན་གོས་ཡ་མ་ཟུང་གོན་པ། དགེ་རྒན་བུ་ཚོས་ཐ་མག་འཐེན་གིན་དང་ཆང་དྲི་འཚུབ་བེར་སློབ་ཁང་དུ་བསྐྱོད་པ་སོགས་ཀྱི་བྱ་སྤྱོད་ངན་པས་སློབ་མའི་དྭངས་གཙང་གི་གཤིས་རྒྱུད་ལ་མ་རབས་དང་ལོག་རྟོག་གི་བྱ་སྤྱོད་མང་པོ་སྣུམ་གྱིས་གོས་ཟིན་པ་བཞིན་ཐོག་མའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་ངན་ངོན་དང་ནག་ནོག་གི་དྲི་མས་སྦགས་ཏེ་ཆུང་དུས་ནས་སྐད་ཆ་དང་བྱ་སྤྱོད་ཐ་ཤལ་མང་པོ་མངོན་པ་ནི་དགེ་རྒན་གྱི་ཀུན་སྤྱོད་ལས་བྱུང་བའི་ལེན་ཆ་ཐབས་རྡུགས་དེའོ།

    དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་བ་ནི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐྱོན་བྲལ་འགྲོ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་ལ། སློབ་གྲྭ་དང་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དགེ་རྒན་གསོ་སྐྱོང་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་ཁོར་ཡུག་དང་སློབ་གསོའི་རིག་གནས་བཟང་པོ་གཏོད་པར་དོ་ཁུར། དེ་བཞིན། དགེ་རྒན་ལ་ཡང་དག་པའི་རིན་ཐང་ལྟ་བ་དང་ལས་རིགས་ཀྱི་དད་སེམས་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་ནུས་ལྡན་གཏོང་བར་སྤྱི་ཚོགས་ཧྲིལ་པོས་ལྟ་སྐུལ་དང་སློབ་གསོའི་ཁོངས་གཏོགས་ཚན་པས་དོ་ནན། དགེ་རྒན་རང་ངོས་ཀྱིས་འགན་འཁྲི་ལེགས་པར་ཁུར་བ་བཅས་ལེགས་ལམ་དུ་ཁྲིད་ཐུབ་ན། ད་གཟོད་གཞི་ནས་སྤྱོད་ཡོན་ཕུལ་བྱུང་གི་དགེ་རྒན་མང་པོས་ཕུལ་བྱུང་གི་སློབ་མ་མང་པོ་གསོ་སྐྱོང་ཐུབ་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་སྙམ།

    (ལྷོ་ཁ་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་སློབ་ཆུང་གི་སྐལ་བཟང་སྟོབས་རྒྱལ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།