མཛེས་སྡུག་ལྡན་པའི་གྲོང་ཁྱེར་སྐྲུན། བདེ་སྐྱིད་ཚོར་སྣང་དེ་བས་ཟབ།
—— ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞན་ཆ་སེལ་བ། བྱེད་ཐབས་ཞིབ་ཚགས་སྤྱོད་པ་བཅས་བྱས་པར་བརྟེན་གྲོང་ཁྱེར་གྱི་རྣམ་པ་དེ་བས་མཛེས་པ་དང་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་བཀྲག་མདངས་དེ་བས་འཚེར་བར་བྱུང་ཡོད།
རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་དམངས་སེམས་ཐོབ་པ་དང་དམངས་ཀྱི་འདོད་བློར་བསྟུན་པའི་དམངས་འཚོའི་འདུ་འགོད་དང་། བརྒྱུད་རིམ་ལྡན་པའི་འདུ་འགོད། ཕུགས་ཀྱི་འདུ་འགོད་བཅས་རེད། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུའང་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་ཁོངས་མི་དུས་ཐོག་ཏུ་ལེགས་སྒྲིག་དང་མང་དུ་བཏང་བ་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ཤང(གྲོང་རྡལ)ཁག་ཏུ་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ། རྒྱལ་གཅེས་འཕྲོད་བསྟེན་ཆེད་བསྐོས་མི་སྣ་བཀོད་སྒྲིག སྡེ་ཁུལ་ཁག་དང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་སོགས་གཞི་རིམ་ཚན་པར་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་མི་སྣ་བཀོད་སྒྲིག་བཅས་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་གྲོན་དངུལ་རྣམས་ལོ་འཁོར་གྱི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་རྒྱུན་གཏན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་དགོས་མཁོ་བསྐངས་པ་མ་ཟད། ལོ་ལྟར་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ལོ་འཁོར་གྱི་འཆར་གཞིའང་བཟོས་ཡོད།
བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་ནི་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་རྩ་བའི་བྱེད་ཐབས་ཡག་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་བདེ་ཐང་སློབ་གསོའི་འགྲོ་གྲོན་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་པ་དང་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་བདེ་ཐང་སློབ་གསོའི་སྒྲིག་གཞི་བཙུགས་ནས་ཆེད་བསྐོས་བདེ་ཐང་སློབ་གསོའི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། བདེ་ཐང་སློབ་གསོའི་ལས་འགན་དོན་འཁྱོལ་ལ་འགན་ལེན་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གིས་བདེ་ཐང་སློབ་གསོའི་སློབ་ཚན་སློབ་ཁྲིད་འཆར་གཞིར་བཅུག་ནས་སློབ་ཁྲིད་བྱེད་ཚད་100%ཟིན་པ་མ་ཟད། འཆར་གཞི་ཡོད་པ་དང་། བསླབ་གཞི་ཡོད་པ། དགེ་རྒན་ཡོད་པ། སློབ་ཁྲིད་ཀྱི་མ་ཟིན་ཡོད་པ། སློབ་ཚན་ཡོད་པ། གདེང་འཇོག་ཡོད་པ་བཅས“ཡོད་པ་དྲུག”བྱས་ཡོད། སྨན་ཁང་ཁག་གིས་ལེགས་ཆར་བརྟེན་ནས་ཁྱད་ལྡན་བདེ་ཐང་གི་སློབ་གསོ་སྤེལ་བ་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གར་འཚམ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བདེ་ཐང་སློབ་གསོའི་ཀློག་དེབ་རྩོམ་འབྲི་བྱས་པ་མ་ཟད། ཁྲོམ་གཞུང་དང་སྡེ་ཁུལ་དུ་བདེ་ཐང་སློབ་གསོ་ཁང་ངམ་ཡང་ན་སྡེ་ཁུལ་གྱི་རིག་གནས་ཁང་བཙུགས་ནས་དུས་བཀག་བཞིན་བདེ་ཐང་སློབ་གསོའི་བརྙན་ཐུང་བསྟན་པ་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སྡེ་ཁུལ་དུ་བདེ་ཐང་སློབ་གསོའི་འཆད་ཁྲིད་དང་འོས་འགན་སྨན་བཅོས་བློ་འདྲིའི་བྱེད་སྒོ་སྤེལ་གྱི་ཡོད།
གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་དང་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་རྒྱུན་མཐུད་སྐུལ་འདེད་དང་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བའི་བདེན་དཔང་དང་ཕན་འབྲས་ཤིག་རེད། ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རྒྱལ་གཅེས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་སུའུ་ཅི་ནཱ་ཡིས“གོམ་སྟབས་རྗེས་མར་ང་ཚོས‘ཐམས་ཅད་མི་དམངས་ཀྱི་བདེ་ཐང་ཆེད་དུ་ཡིན་པའི’འདུ་ཤེས་སྲ་བརྟན་དུ་བཏང་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྱེད་ཐབས་གསར་གཏོད་། ཡ་རབས་ཀྱི་གྲོང་མི་ཞིག་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན། སྤུས་ལེགས་འཚོ་བ་མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་གཏོད་དེ། མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས་ཉིང་ཁྲི་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད།