དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མང་ཚོགས་ཀྱི་སྨན་བཅོས་ལ་འགན་སྲུང་ཡོད་པ་དང་ཞབས་ཞུར་འགན་ལེན་ཡོད་པ།

    ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-23

    སྨན་བཅོས་འགན་སྲུང་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྒྱུར་བཅོས་གསར་གཏོད་ཧུར་ཐག་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་དང་སྟབས་བདེའི་སྨན་བཅོས་འགན་བཅོལ་ཞབས་ཞུའི་དྲ་བ་རྒྱ་ཆེར་བཏང་བ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཁེ་འབབ་རྒྱུན་མཐུད་ངང་ཐོན་པར་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་15.13དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་38.16 གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་ཁྲི་12.94བཅས་ཟིན་ནས་འགན་བཅོལ་ནང་ཞུགས་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་མུ་མཐུད་ལེགས་སུ་བཏང་བ།

    2023ལོའི་ཚུན་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་སྤྱི་འདོམས་ཐོབ་ཐང་ཆུ་ཚད་སྔར་བས་ལེགས་སྒྲིག་བྱས་ནས། ལས་ཐོག་མི་སྣའི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་ཐོག་མའི་དངུལ་སྤྲོད་ཚད་སྒོར་300ནས་སྒོར་200བར་བཅག་པ་དང་། རྒན་ཡོལ་ཞུས་པའི་མི་སྣའི་ཐོག་མའི་དངུལ་སྤྲོད་ཚད་སྒོར་210ནས་སྒོར་140བར་བཅག་པ། གཏོང་སྤྲོད་དངུལ་འབོར་མཐོ་ཤོས་མི་རེར་ལོ་རེར་སྒོར་3000ནས་སྒོར་5000བར་མཐོ་རུ་བཏང་བ་རེད།

    དེ་དང་ཆབས་ཅིག་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ། རུས་སོབ་ནད་ལྕི་རིགས་དང་ཨེ་ཙི་ནད་དུག་འགོག་པའི་སྨན་བཅོས་ལྷ་ས་གྲོང་ཁྱེར་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་རིགས་65རང་ལྗོངས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་སྨན་རྫས་ཀྱི་རིན་པ་སྤྲོད་པའི་ཁྱབ་ཁོངས་ནང་བཅུག་ནས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ཐོབ་ཐང་ལྟར་སྨན་རིན་སྤྲོད་པ་རེད། ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུ་སྣ་ཁ་325དང་། སྨན་བཅོས་སྒྲིག་གཞིས་ལས་སྣོན་བྱས་པའི་སྨན་རྫས་སྣ་ཁ་389 ཀྲུང་ལུགས་སྨན་རྫས(བོད་སྨན)འཐུང་སྨན་སྣ་ཁ་69བཅས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་ནད་པའི་སྨན་གཏོང་བའི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    སྨན་བཅོས་འགན་བཅོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    2023ལོར་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་DIPཡི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་སྔོན་ལ་ལག་ལེན་བསྟར་བ་དང་། སྨན་བཅོས་སྒྲིག་གཞིས་རང་འགུལ་ངང་སྨན་རིན་ཚོད་འཛིན་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྒྱུར་བཅོས་ཀྱི་དཔེ་མཚོན་ཁོངས་སུ་བཅུག་པ་རེད། ལྗོངས་ཡོངས་སུ་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི“གདོང་བཤེར”དུས་རབས་སྔོན་ལ་བཏོད་དེ་སྨན་དང་སྨན་བཅོས་སྒྲིག་གཞི་8ཀྱིས་IOTངོ་རིས་ངོས་འཛིན་མ་ལག་དང་སྨན་བཅོས་འགན་བཅོལ་དྲ་ཐོག་ཨང་རྟགས་ཟུང་འབྲེལ་བྱས་པ་བརྒྱུད། སྨན་བཅོས་འགན་བཅོལ“ངོ་བཤེར”གཏོང་སྤྲོད་ཐུབ་ཡོད། ལྗོངས་ཡོངས་སུ་OCRའཛིན་ཤོག་མཐོང་ཚོར་ངོས་འཛིན་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྔོན་ལ་སྐུལ་འདེད་བཏང་སྟེ་མི་ཐབས་ལ་བརྟེན་ནས་ཞིབ་དཔྱད་བྱེད་པའི་ནོར་འཁྲུལ་ཐོན་ཚད་དམའ་རུ་ནུས་ལྡན་ཕྱིན་པ་དང་། འཛིན་ཤོག་གཅིག་ལ་ཞིབ་དཔྱད་བྱེད་པའི་དུས་ཚོད་དེ་སྔའི་སྐར་མ་20ཡན་ནས་སྐར་མ་5ཡི་ནང་ཚུན་དུ་ཐུང་དུ་ཕྱིན་ཏེ་རྩིས་ཞུ་ཙག་ཙིག་གཉེར་བའི་དུས་ཡུན་སྔར་བས་ཐུང་དུ་ཕྱིན་པ་རེད། ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་ཀྱི“བགྲོད་ལམ་གཉིས”ཀྱི་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་སྔོན་ལ་བཙུགས་ནས། ལྗོངས་ཡོངས་ཀྱི་ཆ་རྐྱེན་དང་འཚམ་པའི་བོད་ལྗོངས་ཤིང་ཐེ་སྨན་རྫས་ཕྱིར་ཚོང་ཚད་ཡོད་ཀུང་སི“བགྲོད་ལམ་གཉིས”ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པའི་སྨན་རྫས་ཉོ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

    དམངས་ཕན་ཞབས་ཞུ་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ།

    2023ལོར་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་ཀྱི་འགྲོ་ལུགས་གཉེར་རིམ་སྟབས་བདེ་རུ་བཏང་སྟེ། ཞིང་སྒྲོལ་སྤོ་སྒྱུར་འབྲེལ་མཐུད་བྱེད་པར་མཁོ་བའི《གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་དཔང་འཛིན》དང་སྤོ་སྒྱུར་བྱ་ཡུལ་དུ་མཁོ་བའི《སྤོ་སྒྱུར་འབྲེལ་མཐུད་ཀྱི་འབྲེལ་གཏུག་ཡི་གེ》མེད་པར་བཟོས་པ་རེད། འགྲོ་ལུགས་གཉེར་བའི་དུས་ཚད་དེ་སྔའི་ལས་ཀའི་ཉིན་གྲངས་45ནས་ལས་ཀའི་ཉིན་གྲངས་15བར་ཐུང་དུ་བཏང་བ་དང་། སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱེད་པའི“ཞིང་སྒྲོལ་ཀུན་སྒྲུབ”ཞབས་ཞུ་ཤར་གཏོང་བྱས་ཏེ་མང་ཚོགས་ཀྱིས་དྲ་ཐོག་ནས་རེ་འདུན་ཞུ་བ་དང་ལས་སྒྲུབ་འཕེལ་རིམ་ལྟ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་མི་དམངས་སྨན་ཁང་ཚང་མས་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུའི་ནད། སྐྲན་ནད་བཅས་སྒོ་བསྟེན་སྨན་ཁང་ནས་འོད་འཕྲོའི་ནད་བཅོས་དང་རྫས་འགྱུར་གསོ་བཅོས་དང་། གཅིན་དུག་ནད་བསིང་བཅོས། དབང་པོ་སྤོ་བའི་གཤགས་བཅོས་བྱས་རྗེས་ཀྱི་སྨན་བཅོས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་རིགས་5ཡི་འགྲོ་གྲོན་ཞིང་སྒྲོལ་དྲ་སྦྲེལ་ནས་ཐད་ཀར་མཇུག་རྩིས་རྒྱག་ཆོག་གི་ཡོད་པ་དང་ཁྱབ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།