དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ཕྲུ་གུ་ཚོར་དབང་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་མིན་གྱི་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-20

    རྒྱལ་ཁབ་སློབ་གསོ་པུས། སློབ་གསེང་གི་དུས་ཚོད་དང་། དངོས་གཞིའི་སློབ་ཁྲིད་ཀྱི་དུས་ཚོད་མིན་པའི་སློབ་གསེང་དུས་ཚོད་ནང་སློབ་ཕྲུག་ཕན་ཚུན་བསམ་འཆར་སྤེལ་རེས་དང་། རོལ་རྩེད་སྣ་ཚོགས་ལ་གཡེང་ཆོག་པ། སློབ་ཁང་ནས་ཕྱིར་ཐོན་པ་སོགས་ཀྱི་དབང་ཆ་འཕྲོག་མི་རུང་བའི་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འབེབས་གནང་ཡོད། སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ནི་ཧ་ཅང་ཐུང་ལ་རྩ་ཆེ་བ་ཞིག་རེད་ལ། དགའ་སྤྲོའི་དཔལ་ལ་རོལ་བའི་སློབ་གསེང་གི་ངལ་གསོ་ནི་སློབ་གྲྭའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་དང་ཁྱིམ་བདག་ཚོའི་སེམས་ཀྱི་རེ་སྒུག་ཅིག་ཀྱང་དེ་བས་རེད།

    གུས་མོས་ལོ་འདི་དག་རིང་སློབ་ཆུང་གི་འཛིན་བདག་དང་བོད་ཡིག་སློབ་ཁྲིད་བྱས་པའི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་ཕྲུ་གུ་ཚོར་སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་དབང་མི་ཐུབ་པ་དང་ལོངས་སུ་སྤྱོད་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་མིན། བགྲོ་གླེང་གི་ཚུལ་དུ་གླེང་བར་བྱའོ།

    གཅིག འཛིན་བདག་གི་དོ་དམ་ཁྱབ་ཁོངས་ལས་བརྒལ་མི་བཅུག་པ།

    སྤྱིར་སློབ་ཆུང་སློབ་གསོའི་བྱ་གཞག་ནི་ལས་ཀའི་རྣམ་གྲངས་མང་བ་དང་། རྙོག་འཛིང་ཆེ་ལ། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། སྒོས་སུ་སློབ་ཆུང་འཛིན་བདག་གི་ལས་ཀ་ནི་སློབ་ཆུང་སློབ་གསོའི་ལས་དོན་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་པར་སྙམ། སློབ་ཆུང་འཛིན་བདག་གི་ལས་ཀ་ནི་ཆེས་དཀའ་ཚེགས་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་སྟེ། ཕྲུ་གུ་ཚོའི་སློབ་སྦྱོང་ཙམ་མ་ཟད། ཁོ་ཚོའི་གཟུགས་པོའི་འཚར་ལོངས་དང་འབྲེལ་བའི་འགྲོ་འདུག་ཉལ་འཆག་དང་། ཀུན་སྤྱོད་སློབ་གསོ། སྒྲིག་ལམ། གཙང་སྦྲ་འཕྲོད་བསྟེན། སེམས་ཁམས། བདེ་འཇགས་སོགས་ཕྱོགས་གང་སར་རིག་ཚན་གཞན་གྱི་དགེ་རྒན་ལས་དོ་དམ་མང་བ་དང་ནན་པ་བྱེད་དགོས་ཀྱི་ཡོད་སྟབས། འཛིན་བདག་གི་རྒྱུན་ལྡན་གྱི་ཡང་དག་པའི་སློབ་གསོས་སློབ་མའི་སློབ་སྦྱོང་གི་ཧུར་སེམས་ལ་སྐུལ་མ་ཤུགས་ཆེན་ཐེབས་བཞིན་ཡོད་ལ། འཛིན་གྲྭ་ཐུན་མོང་གི་སློབ་སྦྱོང་གི་རྣམ་པ་དང་སྒྲིག་ལམ་སོགས་ལ་སྐུལ་ལྕག་གི་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེས་ན། འཛིན་བདག་གིས་སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པའི་སློབ་གསོ་རྒྱག་པ་ནི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན། དེའི་ཕྱིར་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ནི་སློབ་མ་རྣམས་སྤྱོད་ལམ་བཟང་པོར་སྐུལ་བའི་སྲབ་ཁ་ལྟ་བུ་དེ་ཡིན། མ་གཞི་སློབ་ཆུང་སློབ་མའི་རང་ཚུགས་རང་འགུལ་དང་། རང་གཅུན་རང་འདོམས་སོགས་ཀྱི་ནུས་པ་ཅུང་ཞན་པས། སློབ་གྲྭས་སྒྲིག་ལམ་བཟོ་སྐབས་སློབ་མར་གཅེས་སྐྱོང་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྣང་ཆེན་བྱེད་ཀྱི་ཡོད་ལ། སློབ་ཆུང་སློབ་མར་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ངོ་སྤྲོད་གསལ་བཤད་དང་དེ་དག་ལ་གོམས་འདྲིས་དང་སྲུང་བརྩི་ཞུ་བར་སྐུལ་ལྕག་བྱེད་པའི་འགན་འཁྲི་དེཡང་འཛིན་གྲྭ་གང་དེའི་འཛིན་བདག་ལ་ཡོད་པ་རེད།

    ཕྲུ་གུ་ཚོའི་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་བྱེད་སྒོའི་ཁྱབ་ཁོངས་དང་། བྱེད་སྒོའི་རིགས། སྐད་ཤུགས་ཆེ་ཆུང་བཅས་འཛིན་བདག་གིས་གཏན་འཁེལ་ཞིབ་ཕྲ་བྱས་པ་མ་ཟད། སློབ་གསེང་དུ་ཕར་རྒྱུགས་ཚུར་རྒྱུགས་བྱས་ཚེ་བདེ་འཇགས་ལས་འཛོལ་ཐོན་སྲིད་པ་དང་། ཕྲུ་གུར་གནད་དོན་ཐོན་དོགས་དང་འགན་འཁྲི་བདའ་འདེད་གཏོང་བར་སྐྲག་པ་སོགས་མདོར་ན་བྱེད་ཐབས་ཚང་མ་ཕྲུ་གུ་ཚོའི་དོན་དུ་ཡིན་པ་མིག་མཐོང་གཟུགས་གྲུབ་རེད། འོན་ཀྱང་། སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་དེ་ཅིས་ཀྱང་སློབ་མ་ཚོར་དབང་དགོས་པས། སློབ་གསེང་དུ་སློབ་མ་ཕྱིར་སྐྱོད་པར་ཚོད་འཛིན་བྱེད་པའི“གནད་དོན་མི་ཐོན་པ་དང་བདེ་འཇགས་ལྡན་པའི”སྐར་མ་བཅུའི་ལྷས་རར་བཅུག་པའི་བྱེད་ཐབས་དེ་རིགས། དོན་ངོ་མར་འཛིན་བདག་གི་དོ་དམ་གྱི་ཁྱབ་ཁོངས་ལས་བརྒལ་མི་བཅུག་པའི་བྱེད་སྟངས་ཤིག་ཡིན་པའི་སྐོར་སློབ་གསོ་སློབ་ཁྲིད་ལ་བྱང་བའི་མཁས་དབང་ཚོས་ཀྱང་སུན་འབྱིན་བྱས་ཡོད་པ་ལགས།

    གཉིས། རྩིས་རིག་སློབ་ཁྲིད་ཀྱིས་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་འཐེན་འཁྱེར་བྱས་པ།

    བོད་ཀྱི་ཤང་གྲོང་ཁག་གི་སློབ་ཆུང་སློབ་མའི་ཡོང་ཁུངས་ནི་ཞིང་འབྲོག་ཁུལ་ནས་ཡིན་ཁར། རྩིས་རིག་བསླབ་གཞིའི་ནང་དོན་རྒྱ་ཡིག་ནས་སྦྱོང་དགོས་སྟབས། རྒྱ་ཡིག་གི་ཆུ་ཚད་ཅུང་ཞན་ཙམ་ཡིན་པའི་ཕྲུ་གུའི་རྩིས་རིག་སྦྱོང་བའི་ཧུར་སེམས་འཕེལ་མི་ཐུབ་པ་དང་། ཕྲུ་གུའི་མཚར་སྣང་གི་བསམ་པ། ཤེས་འདོད་ཀྱི་འདུན་པ། རང་འགུལ་གྱི་འདུ་ཤེས་བཅས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད། རྒྱུ་མཚན་དེས་རྩིས་རིག་ནི་འོས་འགན་སློབ་གསོའི་སློབ་ཚན་གཙོ་བོའི་གྲས་ཡིན་པ་དང་། སློབ་ཆུང་གི་རྨང་གཞིའི་སློབ་གསོའི་སློབ་ཚན་ཞིག་ཡིན་ནའང་རྩིས་རིག་གི་སྦྱངས་འབྲས་བོད་ཡིག་དང་རྒྱ་ཡིག་ལས་ཞན་ཙམ་ཡིན་པ་ཀུན་གྱིས་མཐོང་གསལ་ལགས། གནད་དོན་དེར་དམིགས་ཏེ་གཞི་རིམ་སློབ་ཆུང་གི་རྩིས་རིག་དགེ་རྒན་ཚོས། བསླབ་གཞི་གསར་པའི་སྒྱུར་བཅོས་འོག སློབ་ཆུང་རྩིས་རིག་སློབ་སྦྱོང་གི་བརྒྱུད་རིམ་དེ་བས་འཐུས་སྒོ་ཇེ་ཚང་དང་། དེ་བས་ཞིབ་ཕྲ་ཡོང་བར་ཤུགས་སྣོན་གྱིས་ཕྱོགས་མང་པོ་ནས་སློབ་མའི་ནུས་པ་གསོ་སྐྱོང་བྱེད་པ་དང་། བློ་ཁོག་ཆེན་པོས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་ལེགས་བཅོས་སམ་འཚོལ་ཞིབ་སྒོས་གནད་དོན་ཤེས་རྟོགས་ཐུབ་པ་དང་གནོད་དོན་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། ལྷག་པར་དུ། སློབ་མས་དགའ་ཞེན་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་པ་དང་སློབ་སྦྱོང་གི་ཁྲོད་ནས་དགའ་ཞེན་འཕེལ་བར་བྱེད་པ། སློབ་མ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སློབ་ཆུང་རྩིས་རིག་གི་སློབ་གསོ་སློབ་ཁྲིད་ལེགས་འགྲུབ་ཡོང་བར་བྱས་ཏེ་སློབ་མའི་ཁྱོན་ཡོངས་ཀྱི་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་ནི་སློབ་གསོའི་འཐབ་ས་མདུན་མར་ཡོད་པའི་སློབ་གསོའི་ལས་དོན་པ་ཞིག་གི་གཟུར་དུ་མེད་པའི་འགན་འཁྲི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་དོན་དུའང་དེ་ལྟར་སྐུ་ལས་བསྐྱོན་གྱི་ཡོད།

    སློབ་གྲྭའི་ལས་ཀ་གཙོ་བོ་ནི་སློབ་ཁང་སློབ་ཁྲིད་རེད། སློབ་ཁྲིད་ཀྱི་གཙོ་གནད་ནི་བསླབ་གཞིའི་སློབ་དེབ་དེ་ཉིད་ཡང་སྐོར་བསྐྱར་སྐོར་གྱིས་སྦྱངས་ཏེ་ཁོང་དུ་ཆུད་པ་བྱ་རྒྱུ་ཡིན་པས། རྩིས་རིག་དགེ་རྒན་གྱིས་འཛིན་གྲྭ་རེ་རེ་དང་སློབ་མ་རེ་རེའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁང་སློབ་ཁྲིད་ཀྱི་དུས་ཚོད་ཕལ་མོ་ཆེ་དང་། དགེ་སློབ་ཚོའི་ནུས་ཤུགས་གཙོ་བོ་དེ་སློབ་དེབ་དངོས་ཀྱི་སློབ་སྦྱོང་ལ་བཀོལ་སྤྱོད་བྱེད་དགོས་ཀྱི་ཡོད་པ་དེ་ནམ་ཞག་རྒྱུན་ལྡན་གྱི་སློབ་ཁྲིད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་པ་ཞིག་ཡིན། འོན་ཀྱང་། སྐབས་འགར་དགེ་རྒན་གྱིས་རྩིས་རིག་སློབ་ཚན་གྱི་གལ་ཆེན་རང་བཞིན་ནན་བཤད་ཚད་ལས་འདས་པ་བྱས་ཏེ། སློབ་ཁང་སློབ་ཁྲིད་ཀྱི་དུས་ཚོད་ཕར་ཕུད་ད་དུང་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་ཀྱང་འཐེན་འཁྱེར་བྱས་ཏེ། དཔེར་ན་བློར་འཛིན་བྱའི་རྩིས་རིག་གི་སྤྱི་འགྲོས་བློར་འཛིན་དུ་འཇུག་པ་དང་། ངག་རྩིས་དང་ཁོག་རྩིས་སྦྱོང་བརྡར་སྤྲོས་པ་སོགས་ཕྲུ་གུའི་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་རྦད་དེ་སྣང་མེད་གཏོང་བའི་བྱེད་ཐབས་དེ་ནི། རྒྱལ་ཁབ་སློབ་གསོ་པུས་གཏན་འབེབས་བྱས་པའི་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་ཅིས་ཀྱང་སློབ་ཕྲུག་ཚོར་དབང་དུ་འཇུག་དགོས་པའི་ཁྲིམས་སྲོལ་དང་ཡོངས་སུ་འགལ་བ་ཞིག་རེད།

    གསུམ། སྐད་ཡིག་སློབ་ཁྲིད་ཀྱིས་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་འཐེན་འཁྱེར་བྱས་པ།

    དེའང་གུས་མོ་ལྟ་བུའི་སློབ་ཆུང་གི་བོད་ཡིག་དགེ་རྒན་ཞིག་ལ་མཚོན་ན། སྐད་ཡིག་གི་ཆོས་ཉིད་ཟེར་ནའང་འདྲ། ངོ་བོ་ཟེར་ནའང་འདྲ། སྐད་ཡིག་ནི་མིའི་རིགས་འབྲེལ་འདྲིས་ཀྱི་ལག་ཆ་རེད་ཅེས་པའི་སྐད་ཆ་དེ་རང་ཡིན་པས། སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ཡང་ལག་ལེན་དངོས་ཀྱི་བེད་སྤྱོད་ལ་ཁ་ཕྱོགས་ཏེ། སློབ་མའི་ལྟ་ཀློག་གི་ནུས་པ་དང་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་དགོས། བོད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་དེ་ལས་གཞན་ཞིག་མེད། རིག་གནས་སྦྱོང་བར་ཀློག་སྦྱོང་ནི་ཤིན་ཏུ་གལ་ཆེ་བས། གུས་མོས་གཟའ་འཁོར་རེར་ལྟ་ཀློག་གི་དུས་ཚོད་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ། སློབ་ཕྲུག་རང་ཉིད་ཀྱིས་དགའ་བའི་སྒྲུང་དེབ་སོགས་ཀློག་སྦྱོང་བྱེད་དུ་བཅུག་ནས། སློབ་མས་རང་འགུལ་གྱིས་དཔེ་དེབ་ལ་ལྟ་བའི་གོམས་གཤིས་གསོ་བ་དང་། འབྲི་སྦྱོང་གི་ཐད་ལ་ཉིན་རེར་མིང་དང་ཚིག་གཙོ་བོར་བྱས་པའི་ལེགས་བཤད་དང་གཏམ་དཔེ་སོགས་དཔོད་བྲིས་རྒྱུན་མི་ཆད་པར་གཏོང་བ། ཉིན་རེའི་སྦྱོང་ཚན་ཕུད། སློབ་ཕྲུག་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྦྱོང་གཞི་གཞན་བཀོད་སྒྲིག་བྱས་ཏེ་ལེགས་སྒྲུབ་བྱས་པ་རྣམས་རང་ཉིད་ཀྱིས་བཅོས་རྒྱག་པ་དང་ཟུར་ཁྲིད་བྱེད་ཀྱི་ཡོད། ཡང་སྐབས་རེ་ཡིག་རྒྱུགས་ཀྱི་ཐད་དགེ་རྒན་གྱིས་བཟོས་པའི་དམིགས་ཚད་མ་གྲུབ་ན་ཟུར་ཁྲིད་བྱེད་པ་དང་ཡིག་རྒྱུགས་ཡང་བསྐྱར་བཏང་ནས་ཕྲུ་གུར་ཡིག་ཚད་ཅི་ཞིག་བཏང་ཡང་སེམས་རྣལ་དུ་འབེབས་ཐུབ་པ་དང་ཡིད་ཆེས་ཆེན་པོས་ཡིག་རྒྱུགས་ལ་ཞུགས་དགོས་པའི་སྐུལ་མ་གཏང་རྒྱུ་ནི་ཐབས་དམ་པ་ཞིག་ཏུ་མཐོང་མུས་སུ་མཆིས་ནའང་། འོས་འགན་སློབ་གསོའི་སློབ་ཚན་གཙོ་བོའི་གྲས་ཡིན་པ་དང་སློབ་ཆུང་གི་རྨང་གཞིའི་སློབ་གསོའི་སློབ་ཚན་ཞིག་ཀྱང་ཡིན་པའི་སྐད་ཡིག་སློབ་ཚན་གྱི་སྦྱངས་འབྲས་རིག་ཚན་གཞན་གྱི་སློབ་ཚན་ལས་ཞན་པ་མཐོང་དུས། གུས་མོས་ཀྱང་སློབ་ཆུང་གི་འཛིན་གྲྭའི་ཀྲུའུ་རེན་དང་བོད་ཡིག་དགེ་རྒན་གྱི་འགན་འཁུར་ཁུར་ཁུལ་གྱིས་ཡིག་རྒྱུགས་ཀྱི་སྐར་གྲངས་སླད་དུ་ཕྲུ་གུ་ཚོའི་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་དུས་ཚོད་འཐེན་འཁྱེར་བྱས་ཏེ། ཕྲུ་གུ་ཚོར་སློབ་ཚན་གང་མང་ཁ་གསབ་བྱེད་པ་དང་། སྦྱོང་གཞི་གང་མང་འབྲིར་བཅུག་པའི་བྱེད་ཐབས་སྤྱད་མྱོང་། ཡིན་ནའང་བྱ་ཐབས་དེ་རིགས་ནི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པའི་བླང་བྱ་དང་མ་མཐུན་པ་ཞིག་ཡིན་ལ། དེ་བས་ཕྲུ་གུ་ཚོར་སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ལོངས་སྤྱོད་ཐུབ་པའི་འགན་ལེན་ཁག་ཐེག་མ་ཐུབ་པའི་དན་རྟགས་ཤིག་ཏུ་མཐོང་བས་རང་ཉིད་ནས་འགོ་བཙུགས་ཏེ་ཡོ་སྲང་བྱས་དང་བྱེད་མུས་ཡིན།

    མདོར་དྲིལ་ན། དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཡིན་ཞེས་པ་ལྟར། དགེ་རྒན་ཞིག་གི་ངོས་ནས། སློབ་མར་ཤེས་བྱ་སྣ་ཚོགས་བུམ་པ་གང་བྱོའི་ཚུལ་གྱིས་དམར་ཁྲིད་བྱེད་དགོས་པར་མ་ཟད། སློབ་མའི་རྒྱུད་ལ་རང་གཤིས་བཟང་པོ་ཞིག་དང་། སྤྱོད་ལམ་རྣལ་མ་ཞིག་འཇགས་ཐུབ་ཆེད་མཛུབ་ཁྲིད་ཡང་དག་བྱས་ཏེ། ཁོ་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཞིག་སྐྱེད་སྲིང་ཐུབ་པར་བྱེད་པའང་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་རེད། ཡང་སྒོས་སུ་ཕྲུ་གུ་ཚོར་སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ནས་སློབ་གསེང་ལ་སློབ་ཁང་དུ་བཅུག་པའི་རྣམ་པར་འགྱུར་ལྡོག་གཏོང་བ་དེའང་གལ་ཆེན་ནང་གི་འགངས་ཆེན་ཉིད་དུ་མཐོང་།

    (ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་སློབ་ཆུང་གི་དགེ་རྒན་ཚེ་གཡང་ནས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།