དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • དམངས་དོན་སེམས་ལ་བཅངས། ནད་པའི་སྡུག་བསྔལ་བསལ།

    —— རང་ལྗོངས་ཀྱི་གྲུམ་བུ་ཚིགས་ཆེན་གྱི་ནད་སྐྱོབ་བཅོས་ལས་དོན་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-16

    གྲུམ་བུ་ཚིགས་ཆེན་གྱི་ནད་ནི་ས་གནས་རང་བཞིན་དང་ཚིགས་འཁྱོག་པའི་གྲུམ་བུའི་ནད་ཀྱི་རིགས་ཤིག་ཡིན་ཞིང་། གྲུམ་བུའི་ནད་དེ་ཕོག་ཚེ་ཀྲོང་ངེར་ལངས་མི་ཐུབ་པ་དང་། གོམ་པ་བརྟན་པོ་སྤོ་མི་ཐུབ་པ། གཟུགས་པོ་མི་ལོན་པ་མ་ཟད་སྤྱིར་ན་ངལ་རྩོལ་ནུས་པའང་ཤོར་གྱི་ཡོད་པས། མི་རྣམས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་ཐ་ན་ཁྱིམ་ཚང་འགའ་ཞིག་ནད་གཞི་དེའི་རྐྱེན་པས་དབུལ་པོ་དབུལ་རྐྱང་ཆགས་ཀྱི་ཡོད།

    བོད་ནི་དེ་སྔ་རྒྱལ་ཡོངས་སུ་གྲུམ་བུ་ཚིགས་ཆེན་ནད་མཆེད་མང་ཤོས་ཀྱི་ས་གནས་གྲས་ཤིག་རེད། ནད་དེ་མཆེད་ཡུན་རིང་བ་དང་། ཁྱབ་རྒྱ་ཆེ་བ། ན་མཁན་མང་བ། ནད་གཞི་ལྕི་བ་བཅས་ཡོད་པའི་ཁར་ནད་རྐྱེན་འཚོལ་དཀའ་བ་དང་ནད་བཅོས་ཆུ་ཚད་ཞན་པས་ནད་དེ་རིགས་ཕྱོགས་བསྡུས་འགོག་བཅོས་བྱེད་པར་དཀའ་ངལ་ཆེན་པོ་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་གྲུམ་བུ་ཚིགས་ཆེན་ནད་འགོག་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྔ་རྗེས་སུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད་དང་གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་ཀྱི་རོགས་སྐྱོབ་བྱ་སྤྱོད་ལག་ལེན་བསྟར་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཤགས་བཅོས་དང་། སྨན་རྫས། ལུམས་རྒྱག་པ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཐབས་སྤྱད་དེ། ལྗོངས་ཡོངས་ཀྱི་གྲུམ་བུ་ཚིགས་ཆེན་ནད་པ་གནད་སྨིན་སྐྱོབ་བཅོས་བྱས་པས། ནད་པ་ཚང་མར“སྨན་བཅོས་བྱེད་འདོད་ཡོད་རིགས་ལ་སྨན་བཅོས་བྱེད་པ་དང་། སྨན་བཅོས་བྱེད་དགོས་རིགས་ལ་སྨན་བཅོས་ཐུབ་པ”བྱས་ཡོད། 2018ལོ་ནས་ད་བར་ལྗོངས་ཡོངས་སུ་གྲུམ་བུ་ཚིགས་ཆེན་ནད་སྤྱིར་ན་སྨན་བཅོས་ཐུབ་ནས་ནད་དཔེ་གསར་པ་ཐོན་མེད་པ་རེད།

    ནད་གཞི་མཆེད་ཚུལ་མཐའ་གཅིག་ཏུ་མེད་པར་བཟོས་པ།

    “ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལྟ་བུ་སྐྱེལ་རྒྱུ་ཡོང་བསམ་པ་བློ་ཡུལ་ལའང་འཁོར་མྱོང་མེད། དེ་སྔོན་ང་ཚོ་སྡོད་ས་ལུང་ཁུག་ཡིན་པ་མ་ཟད་ཆ་རྐྱེན་ཞན་པོ་ཡོད། སྨན་པས་ངའི་ནད་གཞི་འདི་སྡོད་གནས་དང་འཐུང་ཆུ་སོགས་དང་འབྲེལ་བ་ཡོད་གསུངས་ཀྱི་འདུག” ཡུལ་མི་ཞི་དགའ་དཔའ་སྒྲོན་ནི་གྲུམ་བུ་ཚིགས་ཆེན་ཕོག་པའི་ནད་པ་ཞིག་ཡིན་ཞིང་། དཔའ་ཤོད་རྫོང་སྤྱི་དར་ཤང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ཁོང་གིས་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ལག་རྩལ་སྦྱངས་ནས་རང་ཁྱིམ་གྱི་སྒོ་རྩར་ཚ་ལ་རྒྱག་ས་ཞིག་བཙུགས་པས་འཚོ་བ་ཇེ་ལེགས་སུ་སོང་།

    ཆབ་མདོ་གྲོང་ཁྱེར་ནི་གྲུམ་བུ་ཚིགས་ཆེན་ནད་ཐོན་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་70%ཙམ་གྱི་གྲུམ་བུ་ཚིགས་ཆེན་ནད་པ་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་རྫོང་དང་། དཔལ་འབར་རྫོང་། སྟེང་ཆེན་རྫོང་། དཔའ་ཤོད་རྫོང་། སྨར་ཁམས་རྫོང་བཅས་རྫོང་ཁག་5རུ་འདུས་ཡོད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲུམ་བུ་ཚིགས་ཆེན་ནད་ཀྱི་གཤགས་བཅོས་སྐྱོབ་བཅོས་ཀྱི་དཀའ་གནད་ལས་བསྒྲལ་ཡོད། 2018ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་དུ་གྲུམ་བུ་ཚིགས་ཆེན་གྱི་ནད་དཔེ་གསར་པ་ཐོན་མྱོང་མེད་པ་མ་ཟད་གྲུམ་བུ་ཚིགས་ཆེན་ནད་ཀྱི་མཆེད་ཚུལ་ཡང་རྩ་བའི་ཆ་ནས་བཀག་འགོག་ཐུབ་ཡོད།

    ཐབས་མང་མཉམ་སྤྱོད་ཀྱིས་ནད་པ་སྐྱོབ་བཅོས་བྱས་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྦྲེལ་མཐུད་ནུས་ལྡན་ཐོན་པར་སྔར་བས་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2021ལོར་གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་རོགས་སྐྱོབ་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང་བཅུག་ནས“སྨན་བཅོས་ཀྱི་ཕན་ནུས་ཡག་ཤོས་དང་མི་འཕྲོད་པའི་གནས་ཚུལ་ཉུང་ཤོས”ཀྱི་རྩ་དོན་གཞིར་བཟུང་། སྤུན་ཟླའི་ཞིང་ཆེན་དང་། སྤྱི་ཕན་རང་བཞིན་གྱི་ཚོགས་པ། སྨན་བཅོས་རིགས་གཅིག་མཁས་ཅན་སོགས་སྤྱི་འདོམས་ཀྱིས་གྲུམ་བུ་ཚིགས་ཆེན་ནད་པའི་ནད་ཀྱི་རྒྱུ་རྐྱེན་དཔྱད་དཔོག་དང་། སྨན་རྫས་སྤྱོད་མིན་དང་། སྨན་རྫས། གཤགས་བཅོས་སོགས་སྨན་བཅོས་བྱེད་ཐབས་ཕྱོགས་བསྡུས་བྱས་ནས་སྐྱོབ་བཅོས་ཇུས་གཞི་གནད་སྨིན་བཟོས་ཏེ“ནད་པ་རེར་ཇུས་གཞི་རེ”བཟོས་ཡོད།

    ནད་གཞི་རྙིང་པ་དང་བཅོས་དཀའ་བའི་ནད་པ་ཡུལ་གཞན་དུ་གཤགས་བཅོས་བྱེད་པར་སྐྱེལ་བ་ཕུད། རང་ལྗོངས་ཀྱིས་ད་དུང་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་13གཏན་འཁེལ་བཟོས་ནས་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པའི་རོགས་སྐྱོར་འོག་ནད་པ་ཚང་མར་བརྟག་དཔྱད་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་རིགས་དབྱེ་བ་དང་རིམ་པ་གཏན་འཁེལ་བྱས་པ་དང་། གནད་སྨིན་སྐྱོབ་བཅོས་ཇུས་གཞི་བཟོས་པ། གཤགས་བཅོས་ཆ་རྐྱེན་འཛོམས་པའི་ནད་པར་གཤགས་བཅོས་བྱས་པ། གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་མེད་པའི་ནད་པ་གཞན་དག་ལ་དངོས་ལུགས་གསོ་བཅོས་དང་སྨན་རྫས་ཀྱི་སྨན་བཅོས་བཅས་བྱས་ཏེ་ནད་གཞི་ཡང་དུ་བཏང་ཁར་ནད་པར་ཐད་ཀར་དང་། རྒྱ་ཁྱབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་ཕན་པ་ཐོབ་པར་བྱས་ཡོད།

    ད་ཆ་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ནད་པ་སྔར་བས་མང་བ་དྲག་སྐྱེད་ཕྱིན་ནས་བདེ་ཞིང་སྐྱིད་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་དང་སྐྱོད་མུས་རེད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

    སྤྱིར་ན་གྲུམ་བུ་ཚིགས་ཆེན་ནད་ཐག་རིང་ལུང་ཁུག་ཏུ་ཐོན་གྱི་ཡོད་པས་ནད་པ་ཕལ་ཆེ་བར་སྨན་བཅོས་ཀྱི་ཐོན་ཁུངས་ཁ་ཐང་བ་དང་སྨན་རིན་མཐོ་བའི་དཀའ་ངལ་འཕྲད་ཀྱི་ཡོད།

    ནད་གཞི་ཐོན་ཁུལ་གྱི་ཁྱིམ་ཚང“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་། ནད་གཞིས་རྐྱེན་པས་དབུལ་ལོག་ཐེབས་པ། དབུལ་བ་དང་ན་བ་ཉིས་བརྩེགས”བཅས་སྡུག་པོ་གསུམ་བརྩེགས་ལས་སྒྲོལ་ཐུབ་པར་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་2021ལོ་དང་། 2022ལོ། 2023ལོ་བཅས་སོ་སོར《བོད་རང་སྐྱོང་ལྗོངས་ཀྱི་གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་རོགས་སྐྱོབ་བྱ་སྤྱོད་ཇུས་གཞི(2021ལོ་དང་2022ལོ)》དང་། 《གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》《གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཅས་གཤམ་སྤེལ་བྱས་ནས་རང་ལྗོངས་ཀྱི་གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་ཀྱི་འགྲོ་སོང་འགན་ལེན་བྱེད་པའི་ཐད་གཏན་འབེབས་ཁ་གསལ་བཟོས་པས། གྲུམ་བུ་ཚིགས་ཆེན་ནད་པ་སྐྱོབ་བཅོས་རོགས་སྐྱོབ་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་གྲུབ་ཡོད།

    འདི་ལོའི་ལོ་འགོར་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་ལས་དོན་ཐད་སླར་ཡང་བཀོད་སྒྲིག་གསར་པ་བྱས་པ་སྟེ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གྲུམ་བུ་ཚིགས་ཆེན་ནད་སྟབས་བསྟུན་སྐྱོབ་བཅོས་བྱེད་པ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛིན་རང་བཞིན་གྱི་བླང་བྱ་བཏོན་གནང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ཆེན་པོར་ལན་བསློགས་པ་མ་ཟད། “དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པའི”དམངས་ལ་འཆང་བའི་བརྩེ་སེམས་ཀྱང་མཚོན་པར་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།