དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་ལྗོངས་ཀྱི་སློབ་གྲྭ་ཁག་དང་སྡེ་ཚན་ཁག་གིས་སློབ་འགོ་ཚུགས་པའི་གྲ་སྒྲིག་ཞིབ་ཚགས་བྱས་པ།

    “སློབ་ཚན་དང་པོ”ཡག་པོ་ཁྲིད་ནས་སྤྲོ་སྣང་ལྡན་པའི་སློབ་དུས་གསར་པ་བསུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-02

    ཟླ་2ཚེས་27ནས་ཚེས་29ཉིན་བར་རང་ལྗོངས་ཀྱི་མཐོ་འབྲིང་དང་། དམའ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་བཅས་གཅིག་མཇུག་གཉིས་མཐུད་ངང་2024ལོའི་དཔྱིད་དུས་ཀྱི་སློབ་དུས་གསར་པ་འགོ་ཚུགས་ཤིང་། ཁུ་སིམ་པའི་སློབ་གྲྭ་དེ་སྔ་ལྟར་འཁྲུག་ཆ་དོད་པོར་གྱུར། སློབ་མ་ཚོ་སློབ་གྲྭར་ལོག་པར་བསུ་བ་ཞུ་ཆེད་རང་ལྗོངས་ཀྱི་སློབ་གྲྭ་ཁག་དང་སྡེ་ཚན་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་ནས་སློབ་མ་ཚོ་བདེ་འཇགས་ངང་སློབ་གྲྭར་སྲུང་སྐྱེལ་བྱས་པ་དང་དུས་མཚུངས་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོ་དང་མཉམ་དུ་སློབ་དུས་གསར་པའི་ཕུགས་འདུན་དོན་གཉེར་གྱི་ལམ་ལ་ཆས།

    སློབ་གྲྭའི་ཉེ་འཁོར་གྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཚེས་28ཉིན། ལྷ་ས་གྲོང་ཁྱེར་ཁང་གསར་སྡེ་ཁུལ་གྱི་དྲ་མིག་པས་སྟོད་གོས་དམར་པོ་གྱོན་ཏེ་ཞོགས་སྔ་པོ་ནས་གཙང་རལ་སློབ་ཆུང་གི་སྒོ་འགྲམ་དུ་ཡོང་སྟེ་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་དུ་སློབ་མ་དང་ཁྱིམ་བདག་ཚོར་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས། དྲ་མིག་པས་གོ་རིམ་ལྡན་པའི་ངང་སློབ་མ་དང་ཁྱིམ་བདག་ལ་ཁྲིད་སྟོན་བྱས་ནས་སློབ་མ་བདེ་འཇགས་ངང་སློབ་གྲྭར་ལོག་རྒྱུ་འགན་ལེན་བྱེད་བཞིན་འདུག

    གཞན་ཡང་སྡེ་ཁུལ་གྱིས་ད་དུང་སློབ་གྲྭའི་ཉེ་འཁོར་གྱི་ཚོང་པ་དང་འབྲེལ་གཏུག་བྱེད་ཀྱི་ཡོད། “ང་ཚོས་ཚོང་པར་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་དང་བདེ་འཇགས་ལ་དོ་སྣང་བྱས་ནས་ཚོང་ཟོག་གི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། ཚོང་པས་ཀྱང་དང་ལེན་ཧུར་ཐག་ཞུས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད་ཅེས་བརྗོད་ཀྱི་འདུག”ཅེས་སྡེ་ཁུལ་གྱི་ལས་དོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་སློབ་གྲྭའི་འཕེལ་རྒྱས་དང་དགོས་མཁོར་མུ་མཐུད་དོ་ཁུར་བྱས་ནས་སློབ་གྲྭ་དང་ལག་གདང་སྦྲེལ་ཏེ་ཕྲུ་གུ་ཚོར་དེ་བས་མཛེས་སྡུག་དང་། བདེ་འཇགས། ཞི་མཐུན་བཅས་ཀྱི་སློབ་སྦྱོང་གི་ཁོར་ཡུག་བཏོད་དེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།

    སློབ་འཁོར་ནི་སློབ་མ་སློབ་གྲྭར་འགྲོ་བའི་འགྲིམ་འགྲུལ་ཡོ་བྱད་གལ་ཆེན་ཞིག་ཡིན་པས་དེའི་བདེ་འཇགས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་མི་རུང་།

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྫོང་སློབ་གསོ་ལུས་རྩལ་ཅུས་དང་མཉམ་དུ་སློབ་འཁོར་གཉེར་སྐྱོང་གཞུང་དོན་ཁང་གི་འགན་འཁུར་བ་དང་དེ་བཞིན་ཁ་ལོ་བར་སློབ་འཁོར་གྱི་བདེ་འཇགས་ཁ་ཆད་གྲོས་མོལ་ཚོགས་འདུ་འཚོགས་པ་དང་དུས་མཚུངས་སློབ་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་ཆེ་མོ་ཡང་བྱས་པ་རེད།

    ཁ་ཆད་གྲོས་མོལ་ཚོགས་འདུའི་ཐོག་མི་དམངས་ཉེན་རྟོག་པས་ཉེ་དུས་རྫོང་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་ནས་ལས་འཛོལ་ཐོན་པའི་དུས་ཚོད་དང་། ལམ་དུམ། འཁོར་རིགས། དེ་བཞིན་ཁྲིམས་འགལ་བྱེད་སྤྱོད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་རྐྱེན་ལ་དབྱེ་ཞིབ་བྱས་པ་མ་ཟད། སློབ་འཁོར་གཉེར་སྐྱོང་གཞུང་དོན་ཁང་གི་འགན་འཁུར་བ་དང་ཁ་ལོ་བར་སློབ་འཁོར་གཉེར་སྐྱོང་གི་བདེ་འཇགས་དོ་དམ་ཐད་ཀྱི་དོ་སྣང་བྱེད་དགོས་པའི་གནད་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    དེ་རྗེས་མི་དམངས་ཉེན་རྟོག་པས་སློབ་འཁོར་གྱི་ལྷུ་ལག་དང་བདེ་འཇགས་སྒྲིག་ཆས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཞིབ་ཕྲ་བྱས་ཏེ་འཁོར་རིགས་ཀྱི་བཀག་གཏོང་མ་ལག་དང་། བདེ་འཇགས་སྒྲིག་ཆས་སྒྲིག་སྦྱོར། ཁ་ལོ་བའི་ཞིབ་བཤེར་རྩིས་ལེན་དང་འཁོར་རིགས་ཀྱི་ལོ་བཤེར་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ས་གནས་ས་ཐོག་ཏུ་འབྲེལ་ཡོད་འགན་འཁུར་བར་དག་ཐེར་བྱེད་དུ་བཅུག་ནས་སློབ་འཁོར་སྐྱོན་ཡོད་བཞིན་དུ་གཏོང་རྒྱུ་གཏན་འགོག་བྱས་པ་རེད།

    སློབ་དུས་གསར་པ། རྣམ་པ་གསར་པ།

    ཚེས་29ཉིན། ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་གྲྭའི་སྒོ་འགྲམ་དུ་དགེ་རྒན་ཚོས་ལག་ཏུ་དགའ་བསུ་ཞུ་བའི་བྱང་བུ་འཁྱེར་ནས་སློབ་མ་ཚོ་སློབ་གྲྭར་ལོག་པར་བསུ་བ་ཞུས་པ་རེད། སློབ་གྲྭ་དེའི་དགེ་རྒན་ལིའུ་མེས“དེ་རིང་ནི་སློབ་འགོ་ཚུགས་པའི་ཉིན་དང་པོ་རེད། ངས་ཕྲུ་གུ་ཚོར་གྲ་སྒྲིག་བྱས་པའི‘སློབ་འགོ་ཚུགས་པའི་སློབ་ཚན་དང་པོ’ནི་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་ཞེས་པ་དེ་ཡིན། འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་པའི་ངོས་ནས་ངས་ཕྲུ་གུ་ཚོའི་རྒྱལ་གཅེས་རིང་ལུགས་གསོ་སྐྱོང་དང་། ཕྲུ་གུ་ཚོ་མི་སྒེར་གྱི་འཕེལ་རྒྱས་དང་སེམས་ཁམས་བདེ་ཐང་ལ་སྣང་ཆེན། སློབ་སྦྱོང་གི་ཁོར་ཡུག་དེ་བས་ཡག་པོ་གཏོད་པ་བཅས་བྱས་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་ཀྱི་ཡིན”ཞེས་བརྗོད།

    “སློབ་གྲོགས་ཚོ། དེ་རིང་ནི་སློབ་འགོ་ཚུགས་པའི་ཉིན་དང་པོ་དེ་རེད། ང་ཚོའི་མཐའ་མཚམས་མངག་གཏོང་ཁང་གིས་ཚང་མར་སློབ་གྲྭའི་བདེ་འཇགས་ཤེས་བྱའི‘སློབ་ཚན་ཐུང་ངུ’འཁྲིད་རྒྱུ་ཡིན”ཞེས་སློབ་ཆུང་སློབ་མའི་རང་ངོས་སྲུང་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་ན་སོ་དར་ལ་མ་བབས་པའི་མིའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། སློབ་དུས་གསར་པ་འགོ་ཚུགས་པའི་མཚམས་སུ་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕད་མཐའ་མཚམས་མངག་གཏོང་ཁང་གིས“སློབ་ཚན་ཚོགས་པ་དང་། ཕྱིར་སྐྱོད་པ། མི་སེམས་སུ་ཟུག་པ”བཅས་ཀྱི་རྣམ་པའི་ཐོག་ནས་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོར་གསོན་ཉམས་དོད་པའི“ སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”འཚོགས་པ་རེད།

    “དེ་རིང་ཉེན་རྟོག་པས་འགྲིམ་འགྲུལ་གནས་ཚུལ་ལ་ལད་མོ་བྱེད་པའི་སློབ་ཚན་འཚོགས་པ་ལས་ང་ཚོས་རྒྱུན་གཏན་གྱི་འཚོ་བའི་ནང་བརྩི་སྲུང་བྱེད་དགོས་པའི་འགྲིམ་འགྲུལ་སྒྲིག་ལམ་མང་པོ་ཤེས་བྱུང་། སློབ་འགོ་ཚུགས་པའི་ཉིན་དང་པོར་འགྲིམ་འགྲུལ་ཤེས་བྱ་མང་པོ་དེ་འདྲ་ཤེས་པས་ཧ་ཅང་དགའ་པོ་བྱུང”ཞེས་ཕད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་སྒྲོལ་མས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།