དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས།

    ཕུལ་བྱུང་རིག་གནས་ལ་བརྟེན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-16

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་སློབ་མས་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་བརྩམས་ཆོས་སྟོན་བཞིན་པ།

    འདི་ནི་སློབ་མས་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་མཛའ་གྲོགས་སློབ་གྲྭར་ལག་རྟགས་སྤྲོད་བཞིན་པ།

    འདི་ནི་རྒན་བློ་བཟང་རྡོ་རྗེས་སློབ་ཕྲུག་ཚོར་བོད་ཡིག་གི་ཡིག་གཟུགས་འབྲི་སྟངས་སློབ་ཁྲིད་བྱེད་བཞིན་པ།

    འདི་ནི་སློབ་མ་ཚོས་བོད་ཡིག་ཡིག་གཟུགས་འབྲི་བཞིན་པ།

    འདི་ནི་བོད་སྐྱོར་དགེ་རྒན་མཱ་ཤའོ་ཡཱ་ཡིས་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་སློབ་ཚན་འཁྲིད་བཞིན་པ།

    འདི་ནི་སློབ་མ་ཚོས་སློབ་གསེང་དུ་སྒོར་གཞས་འཁྲབ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་སྔ་ཕྱི་བར་གསུམ་དུ་སྲོལ་རྒྱུན་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཐད“གང་ཞིག་ཁྱབ་གདལ་གཏོང་བ་དང་ཇི་ལྟར་ཁྱབ་གདལ་གཏོང་བའི”སྐོར་གྱི་གནད་དོན་ལ་བསམ་གཞིག་དང་འཚོལ་ཞིབ་བྱས་ཏེ། སློབ་ཚན་གཙོ་ཁྲིད་དུ་བྱེད་པ་དང་། སློབ་མའི་རིག་ཚན་སློབ་སྦྱོང་དང་སློབ་གྲྭའི་འཚོ་བ་ཟུང་འབྲེལ་གང་ལེགས་བྱེད་པ། ཀྲུང་ཧྭའི་སྲོལ་རྒྱུན་དང་མི་རིགས་ཀྱི་ཁྱད་ཆོས་ཕན་ཚུན་མཉམ་འདྲེས་ཡོང་བ་བཅས་བྱས་ནས་སློབ་མ་ཚོར་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་སློབ་སྦྱོང་གི་རྣམ་པ་ཞིག་བཏོད་པ་རེད།

    སློབ་གྲྭས་སློབ་ཚན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་གྱི་ནང་དོན་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་། མཉམ་སྡེབ་སྒོར་གཞས་ལུས་རྩལ་དང་དྲག་རྩལ་ལུས་རྩལ་གྱི་རྨང་གཞིའི་ཐོག“སྟངས་སྟབས་དང་སྒོར་གཞས”དང“དྲག་རྩལ་གྱི་རྨང་གཞི”སོགས་སློབ་གྲྭ་དེ་རང་གི་སློབ་ཚན་བཀོད་སྒྲིག་བྱས་པ་དང་། སྒྲ་སྙན་ཚོགས་པར་གར་སྟེགས་བཏོད་དེ“ལང་ཚོའི་ཉམས་འགྱུར་ལ་བསྟོད་གླུ་འབུལ། གར་ལ་རོལ་བའི་བདེ་སྐྱིད་ལྡན་པའི་མི་ཚེའི”རིག་རྩལ་འཁྲབ་སྟོན་ཆེ་གྲས་སྒྲིག་འཛུགས་བྱས་ནས་དགེ་རྒན་དང་སློབ་མའི་ཧུར་སེམས་འཕེལ་བར་བྱས་པ་དང་ཆབས་ཅིག་དམའ་འབྲིང་དང་མཐོ་འབྲིང་ལ“སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས”ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་དང་འབྲེལ“སྒྱུ་རྩལ་གྱི་འོད་ཟེར་དར་སྤེལ་གཏོང་། ཡིག་གཟུགས་ཀྱི་ཉམས་འགྱུར་རྒྱུན་འཛིན་བྱེད། དཔེ་ཀློག་གི་དྲི་ཞིམ་འཐུལ་བའི་སློབ་གྲྭ་མཉམ་དུ་གཏོད”སོགས་ཀྱི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་བྱས་པ་རེད།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རྒན་བློ་བཟང་རྡོ་རྗེ་བོད་ཡིག་ཡིག་གཟུགས་ལ་བྱང་ཆུབ་པའི་ཁར་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཁོང་གིས་ངང་རྒྱུད་རིང་པོས་སློབ་མར་ཟུར་ཁྲིད་བྱས་ཏེ་ཡིག་གཟུགས་འབྲི་སྦྱོང་སྐབས་ཀྱི་སློབ་མའི་གཤིས་ཀ་ལེགས་སུ་དང་སེམས་རྣལ་དུ་འབེབས་ཐུབ་པར་བྱས་པ་མ་ཟད། ཡིག་གཟུགས་ཡག་པོ་སྦྱོང་ཞོར་སྲོལ་རྒྱུན་རིག་གནས་ཀྱི་མཛེས་པ་ཉམས་ལེན་བྱེད་དུ་བཅུག་ནས་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    རྒན་གཡང་འཛོམས་དང་ཉི་མ་ཕན་ཐོགས་གཉིས་ལ་ཞབས་བྲོའི་རྨང་གཞི་ཡག་པོ་ལྡན་པ་དང་སློབ་ཕྲུག་གི་གཟུགས་པོའི་བདེ་ཐང་དང་། གདེང་ཚོད་འཕེལ་བར་བྱ་ཆེད། དགེ་རྒན་རྣམ་གཉིས་ཀྱིས《ལྟ་ན་སྡུག་པའི་སྒོར་གཞས》ཞེས་པའི་མཉམ་སྡེབ་ལུས་རྩལ་ནང་སྦྱོང་བྱས་པ་རེད། ལུས་རྩལ་དེར་སྲོལ་རྒྱུན་སྒོར་གཞས་ཀྱི་སྟངས་སྟབས་ཡོད་པ་དང་སྦྲགས་སྒོར་གཞས་ཀྱི་སྔར་ཡོད་ཞབས་བྲོའི་རྣམ་པ་ལས་ཚད་བརྒལ་ཡང་བྱས་ཡོད་པ་རེད།

    རྒན་ཀུའེ་ཞའོ་དབྱིང་གིས“དྲག་རྩལ་རྨང་གཞིའི”སློབ་ཚན་ཕུད་ད་དུང་དྲག་རྩལ་ལུས་རྩལ《ལོ་ཆུང་དཔའ་བོ》ཡང་བཀོད་སྒྲིག་བྱས་ཡོད། ལུས་རྩལ་དེ་དྲག་རྩལ་དང་ལུས་སྦྱོང་ཟུང་འབྲེལ་གྱི་ལུས་རྩལ་ཞིག་ཡིན་ལ་དེའི་ནང་ཐའེ་ཅི་ཆོན་དྲག་རྩལ་དང་། གཞོན་ནུའི་དྲག་རྩལ། ནན་ཆོན་དྲག་རྩལ། ལུས་སྦྱོང་རྩ་རླུང་བཅས་ཚུད་ཅིང་། ཉམས་འགྱུར་གུ་ཡངས་པོ་དང་སྟངས་སྟབས་ངར་ཤུགས་ལྡན། 《ལོ་ཆུང་དཔའ་བོའི》ལུས་རྩལ་སྦྱོང་བ་དང་སློབ་གྲྭ་དེ་རང་གི་དྲག་རྩལ་སློབ་ཚན་ནང་ཞུགས་པ་བརྒྱུད་སློབ་ཕྲུག་ཚོའི་གཟུགས་པོའི་བྱང་ཚད་དང་བློ་སྟོབས་གཤིས་རྒྱུད་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་པ་མ་ཟད་ཚོགས་པའི་མཉམ་ལས་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་བྱེད་ནུས་ཀྱང་ཆེ་རུ་སོང་ཡོད།

    བོད་ལ“གླུ་གར་གྱི་རྒྱ་མཚོ”ཞེས་བརྗོད་ཅིང་། བོད་རིགས་ཀྱི་རོལ་ཆའི་རིགས་ཕུན་སུམ་ཚོགས་པོ་ཡོད་པའི་ནང་གཙོ་ཆེ་ཤོས་ནི་སྒྲ་སྙན་རེད། སྒྲ་སྙན་ཚོགས་པ་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཚོགས་པ་མང་པོའི་ཁྲོད་གཉེར་ཡུན་རིང་བ་དང་བྱེད་སྒོའི་ཕན་འབྲས་ལེགས་པའི་ཚོགས་པ་ཞིག་རེད། མཛུབ་ཁྲིད་དགེ་རྒན་བཀྲ་ཤིས་ཟླ་བས་སློབ་ཁྲིད་ཀྱི་འགན་འཁུར་བ་དང་རབ་འབྱམས་པ་དང་འབུམ་རམས་པ་སློབ་སྦྱོང་བྱེད་རིང་སྒྲ་སྙན་དཀྲོལ་སྟངས་བཅུ་གཉིས་ཁོང་དུ་ཆུད་པར་བྱས་ནས་སྒྲ་སྙན་གྱི་རིག་གནས་འབྱུང་ཁུངས་འཚོལ་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་དཔྱད་རྩོམ་དང་ཆེད་རྩོམ་ཡང་བཏོན་ཡོད་པ་རེད། རིག་གཞུང་ལ་དགའ་ཞེན་ཆེན་པོ་ཡོད་པ་ལས་རྒན་བཀྲ་ཤིས་ཟླ་བས་སྒྲ་སྙན་གྱི་ཡིད་དབང་འཕྲོག་ཤུགས་གཏིང་ཟབ་ཚོར་བ་དང་སློབ་མར་སྒྲ་སྙན་སློབ་པའི་འདུ་ཤེས་དང་ཆོས་ཉིད་ཁོང་དུ་གང་ལེགས་ཆུད་དེ་སྒྲ་སྙན་ཚོགས་པ་བཙུགས་ནས་ལོ་བཅུ་ལྷག་ཙམ་རིང་སྒྲ་སྙན་ལ་དགའ་པོ་བྱེད་མཁན་སློབ་མ་མང་པོ་གསོ་སྐྱོང་བྱས་ཏེ་སློབ་ཁྲིད་དང་རྒྱུན་འཛིན་བྱེད་རིང་བོད་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་རེད།

    སྒྲ་སྙན་ཚོགས་པའི་སློབ་མ་ཚེ་རིང་དབང་འདུས་ཀྱིས“གལ་ཏེ་རོལ་དབྱངས་ནི་འཛམ་གླིང་གི་སྤྱི་སྤྱོད་སྐད་ཡིག་ཅིག་ཡིན་ཞེས་བརྗོད་ཚེ་སྒྲ་སྙན་ནི་བོད་རིགས་ཀྱི་རོལ་དབྱངས་སྐད་ཡིག་ཅིག་ཡིན་པས་དཀྲོལ་གཏོང་བྱེད་སྐབས་སྤྲོ་སྣང་འཕེལ་ཐུབ་པས་ངས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་གི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།