དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བྱང་ཚད་མཐོ་རུ་དང་རྩལ་ནུས་ཆེ་རུ་བཏང་བ།

    སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་ཞིང་ལས་ལ་དགའ་བ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ་བཅས་ཀྱི་ས་གནས་དེ་གའི་ཞིང་འབྲོག་པ་གསར་པ་དེ་བས་མང་བར་གསོ་སྦྱོང་བྱས་ནས་ཡོང་འབབ་འཕར་བ་དང་ཕྱུག་པོར་འགྱུར་བ་བྱ་ཆེད། ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཞིང་འབྲོག་པའི་མ་བྱན་དང་གློག་ལས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་བོད་ལྗོངས་དབྱི་ཅི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་གཉེར་འགོ་ཚུགས་པ་རེད།

    ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས་ན། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ལག་རྩལ་ཆུ་ཚད་དང་དོ་དམ་ནུས་པ་ཆེ་རུ་བཏང་ཚེ། གཞི་ནས་ཞིང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་ཐུབ།

    “ང་ནི་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་གྲོང་མི་ཡིན། ཁྱིམ་དུ་ནང་མི་8ཡོད། ཁ་ལག་བཟོ་རྒྱུར་དགའ་བས། དམའ་རིམ་སློབ་འབྲིང་ཐོན་རྗེས་ཟ་ཁང་ཞིག་ཏུ་གླ་པ་བྱས་ནས་བསྡད་པ་ཡིན། ད་ཐེངས་ཀྱི་གསོ་སྦྱོང་ལ་ལག་རྩལ་སྦྱངས་ཏེ་ཡོང་འབབ་གསོག་ཐུབ་པའི་རེ་བ་ཡོད། ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་སུ་ཞིང་འབྲོག་པའི་མ་བྱན་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་ཐོས་རྗེས། ངས་ལས་ཀ་ནས་དོན་ཏེ་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་པ་ཡིན། མ་བྱན་ཧུར་ཐག་སྦྱངས་རྗེས་ད་ཆ་སོ་ལོ་ཨ་ཤོམ་རྔོས་མ་སོགས་ཚལ་སྣ་ཁ30ཙམ་བརྔོ་ཤེས་ཀྱི་ཡོད། སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་གིས་ང་ཚོར་སློབ་སྦྱོང་གི་ལས་སྟེགས་དང་གོ་སྐབས་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངས་ཚལ་བརྔོ་སྟངས་ཧུར་ཐག་སྦྱངས་ནས་མ་བྱན་རྩེ་གྲ་ཞིག་བྱེད་ཀྱི་ཡིན་ལ། ཕྱིན་ཆད་ཟ་ཁང་བཙུགས་ནས་ཕྱུག་པོར་འགྱུར་བ་བྱེད་ཀྱི་ཡིན”ཞེས་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་ཞིང་འབྲོག་པ་གྲགས་པས་དེ་ལྟར་བཤད།

    བོད་ལྗོངས་དབྱི་ཆི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་འགན་འཁུར་བ་སྐལ་བཟང་དབྱངས་སྐྱིད་ཀྱིས“ད་ཐེངས་ཀྱི་གསོ་སྦྱོང་ལ་ཞིང་འབྲོག་མང་ཚོགས་80ལྷག་ཙམ་ཞུགས་ཡོད་པ་དང་གློག་ལས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དང་མ་བྱན་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཡོད། གསོ་སྦྱོང་ཟླ་བ་གཉིས་པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད། གསོ་སྦྱོང་ཚར་རྗེས་ང་ཚོས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་དང་ལས་གཏོད་ཀྱི་གོ་སྐབས་འོས་སྦྱོར་བྱ་རྒྱུ་མ་ཟད། སླད་ཕྱིན་ལས་ཞུགས་དང་ལས་གཏོད་ཁྲོད་ཁོང་ཚོར་མུ་མཐུད་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཕྱོགས་བསྡུས་བྱང་ཚད་དང་། ཆེད་ལས་ནུས་པ། དངོས་སྦྱོང་སློབ་ཚན་བཅས་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། སློབ་ཡོན་ལྗོངས་སྡེ་ཚོགས་ཨུ་ལྷན་གྱིས་གྲབས་གསོག་བྱས་པས། གྲགས་པ་སོགས་ཞིང་འབྲོག་གཞོན་ནུ་80ལྷག་ཙམ་སློབ་ཡོན་དང་ཟས་སྡོད་ཀྱི་དངུལ་སྤྲོད་དགོས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།