དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

    གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོ་ནས་བཟུང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་ཐོན་སྐྱེད་དང་། བྲིན་ཚོང་། བཟའ་བཏུང་གི་བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱས་ནས་སློབ་གྲྭ་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། བཟའ་བཏུང་ཉོ་སྐྱེལ། ཤ་སྐམ་པོའི་ཐོན་རྫས་སོགས་ལ་བཅོས་སྒྲིག་མཐོར་གཏོང་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་མ་ཟད། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་བཟའ་བཅའ་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་འཐེན་བཤེར་ལྟ་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ་བཟའ་བཅའ་བདེ་འཇགས་ཀྱི་འཐེན་བཤེར་ཚད་གཞི་ལོན་ཚད་98%ཡན་བརྟན་པོར་གནས་པ་དང་ན་ནིང་ལོ་ཧྲིལ་པོར་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་མེད་པར་ལྗོངས་ཡོངས་ཀྱི་བཟའ་བཅའ་བདེ་འཇགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་ཐོག་ཡར་འཕེལ་བྱུང་ནས་མི་དམངས་མང་ཚོགས་ཀྱིས་བཟའ་བཅའ་བདེ་འཇགས་ལ་བློ་ཡིད་ཚིམས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    ན་ནིང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཤིན་ཏུ་ནན་པོ་བཞིའི”བླང་བྱར་བརྩི་སྲུང་ནན་ཏན་ཞུས་ནས་བཟའ་བཅའི་བདེ་འཇགས་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དང་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁག་བགོས་དོན་འཁྱོལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁྲི་1.8ཀྱིས་བཟའ་བཅའི་ཁེ་ལས་ཁྲི་6.3ལ་བདེ་འཇགས་འགན་ལེན་བྱེད་པར་སྐུལ་འདེད་བཏང་བ་དང་སྦྲགས། ཁེ་ལས་ལ་རིགས་དབྱེའི་མཛུབ་ཁྲིད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཁར་ཉེན་ཁར་དོ་དམ་དང་ཚོད་འཛིན་བྱེད་པའི་གསལ་ཐོ་བཟོས་ནས་བཟའ་བཅའི་བདེ་འཇགས་ཀྱི་སྤྱིའི་ལྟ་ཞིབ་པ་4894དང་བཟའ་བཅའི་བདེ་འཇགས་པ་ཁྲི་6ཙམ་བཀོད་སྒྲིག་བྱས་ཏེ། “ཉིན་མོར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་ལ་གྲལ་བཤེར། ཟླ་རེར་བཀོད་གཏོང་བཅས་བྱེད་པའི”ལམ་ལུགས་རྒྱུན་རྣམ་ཅན་འཁོར་སྐྱོད་ཡོང་བར་བྱས་ཡོད།

    གཞན་ཡང་། 2023ལོར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་སྒྱུར་གྱོད་གཞི་སྒྲུབ་ཚད་ཆེ་རུ་བཏང་སྟེ་ས་ཁོངས་དང་སྡེ་ཚན་བརྒལ་ནས་གྱོད་གཞི་མཐུན་སྦྱོར་ངང་སྒྲུབ་པ་དང་ཁུངས་སྣེ་རྩིས་སྤྲོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆེད་དོན་བཅོས་སྒྲིག་རབ་དང་རིམ་པ་བྱས་ཏེ། ལོ་ཧྲིལ་པོར་ཁྲིམས་འགལ་སྒྲིག་འགལ་གྱི་བཟའ་བཅའི་གྱོད་གཞི་293ལ་ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་སྒོར་ཁྲི་81.45ཟིན་པ་དང་དངུལ་ཆད་སྒོར་ཁྲི་245.56བཅད་ལ། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི་5དང་ཉེས་དོན་གྱོད་གཞི་1རྩིས་སྤྲད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དབང་ཆར་བཙན་གནོད་ཀྱི་ཚོང་ཟོག་རྫུན་མ་ཏུན་ཁྲི་14མེད་པར་བཟོས་པར་རིན་ཐང་སྒོར་ཁྲི་54.62ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།