སློབ་ཆུང་སློབ་མའི་རྩོམ་ཡིག་ལ་དཔྱད་པ་བརྗོད་སྟངས་སྐོར་རགས་ཙམ་གླེང་བ།
སློབ་མའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་ལ་མཁོ་བའི་རྩོམ་ཡིག་འབྲི་སྟངས་སློབ་པ་དང་དེ་བས་སློབ་མའི་རྩོམ་ཡིག་ལ་དཔྱད་པ་བརྗོད་པ་ནི་སྐད་ཡིག་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བའི་ཐབས་ལམ་ཞིག་ཡིན་ཞིང་། སྐད་ཡིག་སློབ་གསོའི་ཆེས་རྨང་གཞིར་གྱུར་པ་ནི་སློབ་ཆུང་གི་སློབ་གསོ་ཡིན་པས། ཁོ་བོས་འདི་ནས་སློབ་ཆུང་སློབ་མའི་རྩོམ་ཡིག་ལ་དཔྱད་པ་བརྗོད་སྟངས་སྐོར་མདོ་ཙམ་གླེང་བར་བྱ།
དང་པོ། ལྷག་བསམ་གཙང་མས་སློབ་མའི་རྩོམ་ཡིག་ལ་ལྟ་དགོས།
བོད་སྐད་ཡིག་གི་སློབ་ཁྲིད་ལ་བརྩོན་པའི་དགེ་རྒན་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཀྱི་ལས་ཀ་ནི་དོན་སྙིང་ལྡན་པའི་ལས་ཀ་ཞིག་ཡིན་པ་ཧ་གོ་དོན་གསལ་རེད། དེས་ན། སློབ་གསོ་སྨྲ་བ་གཅན་རོང་བསྟན་འཛིན་གྱིས་མི་རེར་ཕུགས་བསམ་རེ་ཡོད་དགོས་པ་མ་ཟད། དེ་བས་བདེ་ཐང་གི་ཕུགས་བསམ་དང་དོན་དངོས་དང་འབྲེལ་བའི་ཕུགས་བསམ་ཞིག་ཡོད་དགོས་ཞེས་གསུངས་པ་བཞིན། བདག་ཅག་ཚོས་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱེད་པ་རང་གི་མི་ཚེའི་ཕུགས་བསམ་དུ་བདམས་ནས། སློབ་མའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་ལ་མཁོ་བའི་རྩོམ་ཡིག་ལ་ལྷག་བསམ་རྣམ་དག་གིས་བཟོ་བཅོས་ཞིབ་མོ་བྱེད་དགོས་པ་དང་། རྩོམ་ཡིག་ལ་དཔྱད་པ་བརྗོད་སྐབས་སློབ་མའི་རྩོམ་ཡིག་ལ་འཇུག་པའི་དང་བ་འཕེལ་ཆེད་ཀྱི་དཔྱད་གཏམ་སྤེལ་གལ་ཤིན་ཏུ་ཆེ།
གཉིས་པ། རྩོམ་ཡིག་འབྲི་བར་མི་དགའ་བའི་འདུ་ཤེས་ངན་པ་སེལ་ཐབས་སྐོར་གྱི་དཔྱད་པ་ཐུང་ངུ་འབྲི་དགོས།
བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལས་སྤེལ་གྱི་ཆ་ཤས་གཙོ་བོར་གྱུར་པའི་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་སྐབས། སློབ་མའི་རིག་སྟོབས་ལ་གཞིགས་ནས་བསམ་གཞིག་གི་ནུས་པ་གསོ་སྐྱོང་བྱེད་དགོས་ཤིང་། དེ་ཡང་། བརྗོད་པ་སྟབས་བདེ་དང། བརྗོད་པ་ཆ་ཚང་བ། རང་དང་མྱོང་འདྲིས་ཆེ་བའི་བྱ་དངོས་གསལ་བཤད། གནད་དོན་གང་རུང་ལས་རང་གི་ཚོར་འདུ་བརྗོད་པ་སོགས་སྟབས་བདེ་ས་ནས་རིམ་པས་དཀའ་བའི་ལམ་དུ་ཕྱོགས་པའི་རྩོམ་འབྲིའི་གོམས་གཤིས་དང་ནུས་རྩལ་གསོ་སྐྱོང་བྱ་ཐབས་སྐོར་གྱི་དཔྱད་བརྗོད་ཐུང་ངུ་བྲིས་ནས་རྩོམ་ཡིག་འབྲི་བར་མི་དགའ་བའི་སློབ་མའི་འདུ་ཤེས་ངན་པ་སེལ་ཐབས་བྱེད་དགོས།
གསུམ་པ། སློབ་མར་རྩོམ་ཡིག་འབྲི་ཀློག་ཉན་གསུམ་གྱི་རྨང་གཞི་ཡག་པོ་འཛུགས་རྒྱུའི་སྐོར་གྱི་དཔྱད་ཐུང་འབྲི་དགོས།
སྐད་ཡིག་སློབ་ཚན་གྱི་ཚད་གཞིའི་ནང་དུ། སློབ་མར་སྐད་ཡིག་གི་རྩ་བའི་ཡོན་ཚད་ལྡན་དུ་འཇུག་དགོས་ཞེས་གསལ་པོར་བཀོད་པ་དང་། སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་སྒྱུར་བཅོས་ཇི་ལྟར་བྱེད་དགོས་པའི་བསམ་ཚུལ་ནང་དུ་ཀློག་འདོན་དང་། འབྲི་རྩལ། འཆད་ཉན་སོགས་དོན་ཚན་དྲུག་དམིགས་འདོན་མཛད་གནང་བ་ལྟར། འདིར་ཡང་ཁོ་བོས་སྐད་ཡིག་གི་རྩ་བའི་ཡོན་ཚད་དུ་གྱུར་བའི་སློབ་མའི་རྩོམ་ཡིག་འབྲི་ཀློག་ཉན་གསུམ་གྱི་རྨང་གཞི་ཡག་པོ་འཛུགས་དགོས་པའི་སྐོར་ནས་ཞུས་པ་ཡིན་ཏེ། སློབ་ཆུང་ནི་སྐད་ཡིག་གི་རྨང་གཞི་འཛུགས་ས་ཡིན་པས། དགེ་རྒན་གྱིས་སློབ་མ་མི་རེ་ངོ་རེའི་གནས་ཚད་སམ་ཤེས་ཚད་ལ་གཞིགས་ནས་རྩོམ་ཡིག་ཀློག་པའི་ནུས་པ་གསོ་སྐྱོང་བྱེད་དགོས་ཤིང་། དེ་ཡང་། ཐོག་མར་ཀློག་ལ་བྱང་པ་ཞིག་དགོས་པ་དང་། དེ་ནས་རིམ་གྱིས་འབྲི་རྩལ་སྦྱངས་ན་ལེགས། ཀློག་མི་འཁྱོངས་ན་འབྲི་ཤེས་ཀྱང་མཁོ་ཆུང་བ་ལྟར་ཐོག་མར་རྩོམ་ཡིག་ཀློག་སྟངས་སྦྱོང་གལ་ཤིན་ཏུ་ཆེ། ཀློག་ཤེས་ཚེ་རིམ་གྱིས་ལད་མོའི་རྣམ་པར་བརྟེན་ནས་རྩོམ་ཡིག་འབྲི་སྟངས་སྦྱོང་དགོས་པའི་སྐོར་རྩོམ་ཡིག་མཇུག་གི་དཔྱད་ཐུང་དུ་བྲིས་ནས། རིམ་པས་རྩོམ་ཐུང་ཉན་པའི་དགའ་ཞེན་གསོ་སྐྱོང་བྱ་ཐབས་སྐོར་གྱི་དཔེ་མཚོན་དཔྱད་ཐུང་སྟེ། དཔེར་ན། རླུང་འཕྲིན་ནས་ཁྱོད་ཀྱིས་རྩོམ་ཐུང་གང་ཉན་མྱོང་ཡོད་དམ་ལྟ་བུ་སྐུལ་མའི་ཚུལ་དུ་སྤེལ་ན་ནུས་པ་ཆེན་པོ་ཐོན་སྲིད་དེ། དེ་ནི་སློབ་མ་རྣམས་ལ་རྩོམ་ཡིག་ཉན་པར་སྐུལ་ལྕག་ཤུགས་ཆེན་གྱིས་སློབ་མར་རྩོམ་ཡིག་ཉན་པའི་ཁ་ཕྱོགས་གསལ་སྟོན་དང་རྩོམ་ཐུང་ཉན་པའི་གོམས་གཤིས་གསོ་སྐྱོང་གནང་བ་དང་ཁྱད་མེད། སྐད་ཡིག་སློབ་ཁྲིད་བྱེད་རིང་འབྲི་ཀློག་ཉན་གསུམ་ནི་སྔ་ཕྱི་བར་གསུམ་དུ་གཙིགས་སུ་འཛིན་དགོས་པའི་གནད་དོན་ཞིག་ཡིན་པ་ཀུན་གྱིས་མཁྱེན་སྲིད། འབྲི་བ་ནི་གཟུགས་ལེགས་པོ་ཐོན་པའི་ཆེད་དུ་ཙམ་མ་ཡིན་པར། སྔ་མ་ཀློག་པ་དང་ཕྱི་མ་འབྲི་བ་གཉིས་མཉམ་དུ་འདུས་པའི་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་གྱི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ལ། རྒྱུན་ཤེས་སོགས་ལ་གོ་བ་མཐར་ཕྱིན་ལེན་པའི་གོ་སྐབས་ཤིག་ཀྱང་ཡིན་པས་ཤིན་ཏུ་གཅེས་པར་འཛིན་དགོས། སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་དུ་འཕེལ་བ་དང་རྩོམ་ཡིག་གི་ནུས་རྩལ་གསོ་སྐྱོང་བྱེད་པ་ལ། འབྲི་བའི་ཐད་ལའང་ཐབས་སྣ་ཚོགས་ཀྱི་ལམ་ནས་ཤུགས་སྣོན་རྒྱག་པ་ནི་མེད་དུ་མི་རུང་བའི་གནད་དོན་ཞིག་ཏུ་འདོད། ད་དུང་ཉན་པའི་ནུས་པ་ནི་ཧ་ཅང་སྤྱོད་མཁོ་ཆེ་བ་ཞིག་སྟེ། དཔེར་ན། སློབ་མར་ཕོ་རོག་གི་ཆུ་འཐུང་བ་ཞེས་རྒན་ལགས་ཀྱིས་གསུངས་ཚེ། སློབ་མའི་སྣང་བར་ཕོ་རོག་གི་ཆུ་འཐུང་བའི་བརྒྱུད་རིམ་རྣམས་ཤར་སྲིད་ལ། དེས་སློབ་མའི་འཆར་སྒོའི་སྒོ་མོ་ཕྱེ་ནས་རྩོམ་ཡིག་འབྲི་བའི་རིག་པ་སྐྱེ་སྲིང་བྱེད་ཐུབ། ཉན་པའི་ནུས་པ་གསོ་སྐྱོང་དང་སྦྲགས་དགེ་རྒན་རང་ངོས་ནས་ནང་དོན་མང་པོ་ཞིག་གཏམ་རྒྱུད་ལྟ་བུའི་ལམ་ནས་ངོ་སྤྲོད་བྱེད་པའི་དགོས་མཁོ་ཡང་ཤིན་ཏུ་ཆེ་སྟེ། གང་ལགས་ཤེ་ན། བྱིས་པ་རྣམས་ནི་གཏམ་རྒྱུད་ཉན་ལ་སྤྲོ་བ་དང་། གཏམ་རྒྱུད་ཉན་གྱིན་དུ་སྐད་ཡིག་ལ་འཛིན་པའི་སྤྲོ་སྣང་དང་རྩོམ་འབྲིའི་ནུས་པ་རང་ཤུགས་སུ་འཕེལ་བས། སློབ་མའི་རྩོམ་ཡིག་གི་མཇུག་ཏུ་འབྲི་ཀློག་ཉན་གསུམ་ལ་སྐུལ་བའི་དཔྱད་གཏམ་སྤེལ་གལ་ཤིན་ཏུ་ཆེ་སྙམ།
བཞི་པ། རྩོམ་འབྲི་བར་སྐུལ་བའི་དཔྱད་ཐུང་འབྲི་དགོས།
སྤྱིར་སློབ་གསོ་ཞེས་པ་ནི་ཡོན་ཏན་སློབ་ཅིང་སྤྱོད་པ་གསོ་བ་ལ་ཟེར་ཡང་དེང་དུས་དགེ་རྒན་འགའ་ཤས་ཀྱིས་སྦྱངས་འབྲས་གཙོ་བོར་བཟུང་ནས་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་དམའ་ཁོ་ན་རང་གི་སློབ་ཁྲིད་ཀྱི་གྲུབ་འབྲས་སུ་བརྩིས་ཏེ། ཐ་ན་བསམ་གཞིག་བྱས་ནས་བྲིས་དགོས་པའི་རྩོམ་ཡིག་ཀྱང་ངག་ལ་ཟིན་དུ་་བཅུག་ནས་སྐབས་འཕྲལ་གྱི་ཡིག་རྒྱུགས་ལ་ཁ་གཏད་གཅོག་པའི་སྣང་ཚུལ་མཆིས། དེ་ལྟར་བསམ་གཞིག་གི་ནུས་པ་ལྡན་པའི་མི་གསོ་བའི་བྱ་བ་མང་དག་ཅིག་རིམ་གྱིས་བརླག་འགྲོ ང་ཚོས་སྤྱི་ཚོགས་འདིར་ཡོན་ཏན་ཡོད་ལ། སྤྱོད་ལམ་ཡག་པ། བསམ་གཞིག་གི་ནུས་པ་ལྡན་པའི་མི་གསོ་དགོས་པའི་དགོས་མཁོར་དམིགས་ནས། སློབ་མར་མི་ཡ་རབས་ཚུལ་ལྡན་ཞིག་བྱེད་དགོས་པའི་སློབ་གསོ་རྒྱག་པ་དང་རྒན་རབས་ལ་གུས་ཞབས་བྱེད་སྟངས་དང་སློབ་གྲོགས་དབར་ལ་མཐུན་སྒྲིལ་བྱེད་སྟངས། ལྷག་པར་དུ་རྒྱུན་གཏན་འཚོ་བར་ཞེ་ས་རྒྱག་པའི་དགོས་མཁོ་དང་དར་སྤེལ་གཏོང་དགོས་པའི་རེ་བར་གཞིགས་ནས། དུས་རྒྱུན་དུ་ཡ་རབས་གུས་ཞབས་ལྡན་པའི་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ལ། དེའི་ཐད་ཀྱི་རྩོམ་ཐུང་འབྲི་རུ་བཅུག་ནས་སྔོན་ཐོན་མི་རིགས་དག་བསམ་གཞིག་བྱེད་པར་དགའ་པོ་ཡོད་ལུགས་སྐོར་གྱི་དཔྱད་ཐུང་སྤེལ་ནས། མིག་རྒྱང་རིང་པོས་སློབ་མ་རྩོམ་ཡིག་འབྲི་བར་སྐུལ་ལྕག་བྱེད་དགོས།
མདོར་ན། སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་གྱི་ལས་ཀ་ནི་ཧ་ཅང་དཀའ་ཚེགས་ཆེ་ཤིང་། ལས་སླ་པོ་ཞིག་མིན་རུང་མི་རིགས་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོར་མཁོ་བའི་བསམ་གཞིག་གི་ནུས་པ་ལྡན་པའི་སློབ་མ་གསོ་བ་དམིགས་ཡུལ་དུ་བཟུང་ནས། བོད་སྐད་ཡིག་དགེ་རྒན་གྱིས་མཛུབ་མོས་རི་སྟོན་པ་ལྟ་བུའི་བློ་སྒོ་འབྱེད་པའི་ནུས་པ་འདོན་དགོས་ཤིང་། ཕྱོགས་ཡོངས་ནས་སློབ་མའི་སྐད་ཡིག་གི་བྱང་ཚད་དང་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་དགོས་པ་ལས་ཡིག་རྒྱུགས་ཁོ་ནར་དམིགས་ནས་ཁྲལ་སེལ་སླ་བཅོས་གནང་མི་རུང་། བོད་སྐད་ཡིག་སློབ་ཁྲིད་པ་རྣམས་ཀྱིས་འབད་བརྩོན་དང་། སྙིང་རུས། གསར་གཏོད་བཅས་ཀྱི་ལམ་ནས་སློབ་མའི་རྩོམ་ཡིག་ལ་དཔྱད་གཏམ་ཐུང་ངུ་འབྲི་བར་སྣང་ཆུང་མ་བྱས་པར། ད་ལྟའི་བརྗོད་ཐུང་འབྲི་མཁན་གྱི་སློབ་མ་དེ་ཕྱིན་ཆད་རྩོམ་པ་པོ་གྲགས་ཅན་ཞིག་ཆགས་པར་ཁ་ཕྱོགས་གསལ་སྟོན་བྱེད་དགོས།
(ས་སྐྱ་རྫོང་དགེ་ལྡིངས་གྲོང་རྡལ་ལྟེ་བའི་སློབ་ཆུང་། བསོད་དབང)