སློབ་ཆུང་སློབ་མའི་བོད་ཡིག་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ཅུང་ཟད་གླེང་བ།
དེང་སྐབས་སློབ་ཆུང་སློབ་མས་ཚད་དང་ལྡན་པའི་བོད་ཡིག་རྩོམ་ཡིག་ཅིག་འབྲི་རྒྱུ་ནི་དཀའ་གནད་ཅིག་ཏུ་གྱུར་ཡོད་ལ། སློབ་ཁྲིད་ཀྱི་འཐབ་ས་མདུན་མར་ཕྱག་ལས་གནང་བཞིན་པའི་རྒན་ལགས་རྣམ་པ་དང་རྒྱ་ཆེའི་ཁྱིམ་བདག་རྣམ་པའི་ཁུར་པོ་ཆེན་པོ་ཞིག་ཏུ་གྱུར་ཡོད།
གཤམ་དུ་གུས་པས་རང་ཉིད་ལོ་མང་སློབ་ཆུང་བོད་ཡིག་སློབ་ཁྲིད་ཀྱི་ལས་ཀ་བྱས་པའི་མྱོང་བ་དང་དེང་དུས་སློབ་མའི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་སློབ་ཆུང་སློབ་མའི་བོད་ཡིག་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་ཐབས་སྐོར་ཅུང་ཟད་གླེང་བར་འདོད།
གཅིག དོན་དངོས་འཚོ་བ་དང་འབྲེལ་བ་བྱེད་དགོས།
རྩོམ་ཡིག་གི་རྒྱུ་ཆ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་པས། འཚོ་བ་དངོས་ལ་ལྟ་ཞིབ་བྱེད་པའི་སློབ་མའི་ནུས་པ་དང་གོམས་གཤིས་གསོ་སྐྱོང་བྱེད་དགོས། དེ་ཡང་རྣམ་ཀུན་སློབ་མ་རྣམས་ཕ་མ་དང་མཉམ་དུ་སྤྱི་ཚོགས་ཀྱི་བྱེད་སྒོ་གང་ཅིར་ཞུགས་པའམ་ཡང་ན་སློབ་གྲྭར་བྱེད་སྒོ་གང་རུང་ཞིག་སྤེལ་བའི་སྐབས། སྔོན་ལ་སློབ་མ་རྣམས་ལ་ཐེངས་དེའི་བྱེད་སྒོའི་མཐོང་ཐོས་མྱོང་གསུམ་བོད་སྐད་ཀྱི་ལམ་ནས་ཤོད་ཐུབ་པ་དང་། སློབ་མར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཡིད་འཇོག་བྱེད་དགོས་པའི་རེ་བ་འདོན་དགོས། ཕྱོགས་གཞན་ཞིག་ནས་རྣམ་ཀུན་སློབ་མར་དོན་དངོས་འཚོ་བའི་མཐོང་ཐོས་མྱོང་གསུམ་རྩོམ་ཡིག་འབྲི་རུ་བཅུག་ནས། སློབ་མ་ཚོར་རྩོམ་ཡིག་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་དགོས།
གཉིས། བོད་ཡིག་རྩོམ་ཡིག་འབྲི་བར་བོད་སྐད་གཙང་མ་ཤེས་དགོས།
སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་དང་བསྟུན་ནས་རྣམ་ཀུན་མི་དང་མིའི་དབར་བགྲོ་གླེང་བྱེད་སྐབས། སྐད་གཙང་མ་ཞིག་སྤྱོད་པའི་སྣང་ཚུལ་ནི་ཉུང་ནས་ཉུང་དུ་འགྲོ་བཞིན་མཆིས། དེའི་དབང་གིས་སློབ་ཆུང་སློབ་མས་བོད་ཡིག་གི་རྩོམ་ཡིག་འབྲི་སྐབས་དངོས་པོ་མང་དག་ཅིག་གི་བོད་སྐད་ཀྱི་ཐ་སྙད་མ་ཤེས་པར་ལུས་ནས་རྩོམ་འབྲིའི་རྒྱུ་ཆ་དཀོན་པའི་གནས་སུ་གྱར་ཏེ། རིམ་གྱིས་བོད་ཡིག་རྩོམ་ཡིག་འབྲི་འདོད་མེད་པ་དང་། གཞན་གྱིས་བྲིས་པའི་རྩོམ་ཡིག་གི་ནང་དོན་མི་ཤེས་སྟབས་ཀློག་འདོད་མེད་པར་གྱུར་གྱི་ཡོད།
སློབ་མའི་ཀློག་འདོད་དང་འབྲི་འདོད་ཀྱི་བསམ་པ་འཕེལ་ཕྱིར་ཕ་མ་དང་དགེ་རྒན་ནས་སློབ་མ་དང་བགྲོ་གླེང་བྱེད་སྐབས། བོད་སྐད་གཙང་མ་ཞིག་སྤྱོད་པར་འབད་དགོས་ལ། སློབ་མར་གསར་དུ་ཐོན་པའི་དངོས་པོ་དང་རྒྱུན་སྤྱོད་དངོས་པོའི་བོད་སྐད་ཀྱི་མིང་ཡང་དག་པ་ཞིག་སློབ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད་སྙམ།
གསུམ། གཞན་གྱིས་བྲིས་པའི་རྩོམ་ཡིག་མང་ཙམ་ལྟ་ཀློག་བྱེད་དུ་འཇུག་དགོས།
དེ་ཡང་། རྣམ་ཀུན་ཕ་མ་དང་དགེ་རྒན་ནས་སློབ་མར་དཔེ་དེབ་ཀློག་ཏུ་འཇུག་སྐབས་དམིགས་ཡུལ་དང་འཆར་གཞི་དགོས།
གུས་པའི་མཐོང་སྣང་ལྟར་ན། སློབ་མས་བོད་ཡིག་གི་སློབ་ཕྱིའི་དཔེ་དེབ་ཀློག་པ་ཉུང་ཉུང་རེད་འདུག་པས། ཕ་མ་དང་དགེ་རྒན་ནས་སློབ་མའི་དགའ་མོས་གསོ་སྐྱོང་བྱེད་པ་ནས་འགོ་བཙུགས་ཏེ། བྱིས་པས་དགའ་པོ་བྱེད་པ་དང་མོས་པ་ཡོད་པའི་བོད་ཡིག་གི་དཔེ་དེབ་བྱིས་པ་དང་མཉམ་དུ་ཀློག་འདོན་བྱེད་པ་དང་། རྩོམ་ཡིག་གི་གཙོ་དོན་བྱིས་པར་ཤོད་དུ་འཇུག་པའམ་ཡང་ན་ཕ་མ་དང་དགེ་རྒན་ལ་འགྲེལ་བཤད་རྒྱག་ཏུ་འཇུག་དགོས། རྩོམ་ཡིག་གང་ཞིག་མ་བཀླག་གོང་དུ་བྱིས་པར་རྩོམ་ཡིག་བཀླགས་རྗེས་དྲི་བ་འདོན་རྒྱུ་ཡིན་ཞེས་བརྗོད་ནས། རྩོམ་ཡིག་ཀློག་པའི་བརྒྱུད་རིམ་ཁྲོད་བསམ་གཞིག་བྱེད་པའི་གོམས་གཤིས་འཇགས་པར་བྱེད་རྒྱུ་ནི་བོད་ཡིག་གི་སློབ་ཕྱིའི་དཔེ་དེབ་ཀློག་པའི་སློབ་མའི་དགའ་མོས་གསོ་སྐྱོང་བྱེད་ཐབས་ཤིག་རེད།
དེ་བས་ཀྱང་བྱིས་པའི་དཔེ་དེབ་ཉོ་སྐབས་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས། དེ་ཡང་སློབ་ཆུང་སློབ་མར་སྤྱིར་རི་མོར་བལྟས་ནས་རྩོམ་ཡིག་འབྲི་བའི་ནུས་པ་གསོ་སྐྱོང་བྱེད་དགོས་པས། མི་སྣ་དང་། ཡུལ་ལྗོངས། བྱ་བ། དངོས་པོ་བཅས་འབྲི་བ་ནས་འགོ་བཙུགས་ཏེ། དེའི་སྐོར་གྱི་རྩོམ་དེབ་ཉོས་ནས་ཀློག་ཏུ་འཇུག་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་ཞིག་རེད།
བཞི། ལད་འབྲི་བྱེད་དུ་འཇུག་པ།
འཇིག་རྟེན་ཁ་དཔེར་བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་གྲགས་པ་ལྟར། གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་ལད་འབྲི་བྱེད་ཤེས་དགོས་པ་དང་། ལད་འབྲི་བྱས་པའི་རྩོམ་ཡིག་ལད་འབྲིའི་བླང་བྱ་ལྟར་ཚད་དང་ལྡན་པ་ཞིག་དགོས། ལད་འབྲི་མ་བྱས་པའི་གོང་དུ་སློབ་མར་དེ་རིང་གི་རྩོམ་འབྲིའི་རེ་བར་གཞིགས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་ལད་མོ་བྱ་ཡུལ་གྱི་མ་རྩོམ་ཞིག་འདེམས་སུ་འཇུག་དགོས།
ལྔ། མིང་ཚིག་གི་སྡེབ་སྦྱོར་ལ་ཤུགས་རྒྱག་དགོས།
ཁང་པ་ཡག་པོ་ཞིག་རྒྱག་པར་དང་ཐོག་ས་དང་། རྡོ། ཤིང་སོགས་རྒྱུ་ཆ་མང་དག་ཅིག་གསོག་དགོས་པ་དང་། དེ་རྗེས་རྒྱུ་ཆ་དེ་དག་ལ་ཇུས་འགོད་མཁས་པ་དང་། རྡོ་བཟོ་མཁས་པ། ཤིང་བཟོ་མཁས་པ་སོགས་ཀྱིས་འཆར་གཞི་དང་བརྒྱུད་རིམ་ལྡན་པའི་ལས་སྣོན་སྣ་ཚོགས་བྱས་རྗེས། ད་གཟོད་ང་ཚོའི་མིག་ལམ་དུ་བ་གམ་ཅན་གྱི་ཁང་བཟང་ཞིག་མངོན་གྱི་ཡོད།
རྩོམ་ཡིག་འབྲི་དུས་ཀྱང་ཁང་པ་བསྐྲུན་པ་དང་འདྲ་བར་ཇུས་འགོད་ལེགས་པོ་བྱས་རྗེས། རང་གི་ཀླད་པར་ཡོད་པའི་མིང་ཚིག་རྣམས་འཁྲུལ་བ་མེད་པའི་སྒོ་ནས་སྡེབ་ལེགས་བརྗོད་པའི་ཕྲེང་བར་རྒྱུ་དགོས་པ་དང་། མིང་ཚིག་རྣམས་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་སྤྱོད་དགོས་པ་ལས་ཞྭ་དཔེ་ལྷམ་འགེབ་དང་གླུ་བརྒྱ་ངག་གཅིག་གི་སྐྱོན་དུ་མི་འགྱུར་བ་བྱེད་དགོས།
དྲུག ཡང་ནས་ཡང་དུ་བཅོས་དགོས།
རྩོམ་ཡིག་ལེགས་པོ་ནི་བྲིས་ནས་མ་བྱུང་བཅོས་ནས་བྱུང་ཞེས་པ་ལྟར། རང་གིས་བྲིས་པའི་རྩོམ་ཡིག་རང་གིས་ཡང་ནས་བསྐྱར་དུ་བཅོས་རྒྱུ་ནི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ་དང་རྩོམ་ཡིག་གི་སྤུས་ཚད་ལེགས་སུ་གཏོང་བའི་ཐབས་ལམ་ཡག་པོ་ཞིག་རེད།
སློབ་མས་རྩོམ་ཡིག་བྲིས་ཟིན་རྗེས་ཡང་ནས་ཡང་དུ་ཀློག་དགོས་པ་དང་ཀློག་པའི་བརྒྱུད་རིམ་ནང་གཤམ་གྱི་ཕྱོགས་འདི་དག་ནས་རྩོམ་ཡིག་ལ་བཅོས་རྒྱག་དགོས་ཏེ།
1. རྩོམ་ཡིག་ནང་གི་སུམ་རྟགས་དག་གསུམ་གྱི་སྐྱོན་རྣམས་བཅོས་དགོས།
ཚིག་གི་སྒྲ་ཙམ་འདྲ་ན་ཡང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་ཞེས་བརྗོད་པ་ལྟར། དག་ཆ་ནི་རྩོམ་གྱི་ནང་དོན་འཁྲུལ་མེད་དུ་སྟོན་ཐུབ་མིན་གྱི་རྩ་བ་ཡིན་པས། རང་གིས་བྲིས་པའི་རྩོམ་ཡིག་ནང་དག་ཆ་ནོར་ཡོད་མེད་ཞིབ་པར་ལྟ་དགོས་ལ། དོཌ་གནད་ཡོད་ཚེ་ཚིག་མཛོད་དུ་འཚོལ་བ་དང་གཞན་ལ་སྐད་ཆ་འདྲི་བ་སོཌ་ཐབས་སྣ་ཚོགས་བརྒྱུད་ནས་རྩོམ་ཡིག་གི་ནང་དུ་དག་ནོར་མ་ཐོན་པར་འབད་དགོས། དེ་རྗེས་སུམ་ཅུ་པའི་ཕྲད་སྦྱོར་སྟངས་ནོར་ཡོད་མེད་ལ་བརྟག་དགོས་ལ། ལྷག་པར་དུ་བྱེད་འབྲེལ་གྱི་ཕྲད་སྦྱོར་སྟངས་ནོར་ཡོད་མེད་ལ་དེ་བས་ཞིབ་ཅིང་ཕྲ་བ་ལྟ་དགོས།
2. རྩོམ་ཡིག་གི་ཁ་བྱང་ངམ་རྩོམ་འབྲིའི་དམིགས་ཡུལ་ལྟར་བརྗོད་བྱའི་དོན་གནད་ལ་འཁེལ་མིན་ལ་ལྟ་དགོས།
དེ་ཡང་རང་གིས་བྲིས་པའི་རྩོམ་ཡིག་དེ་རྩོམ་འབྲིའི་རེ་བའམ་ཁ་བྱང་ལྟར་གཙོ་ཕལ་གྱི་དབྱེ་བ་ཡོད་པ་དང་སྙིང་དོན་འབུར་དུ་ཐོན་པ་ཞིག་བྱུང་ཡོད་མེད་ལྟ་ཞིབ་བྱེད་དགོས་པ་དང་། རྩོམ་པ་པོ་རང་ཉིད་ཀྱི་འབྲི་འདོད་པ་དང་བརྗོད་འདོད་པའི་ནང་དོན་དེ་འབུར་དུ་ཐོན་མིན་བརྟག་ཕྱིར། མི་གཞན་གྱི་མདུན་དུ་རང་གི་རྩོམ་ཡིག་ཀློག་འདོན་བྱས་ནས་གཞན་ལ་རང་གི་རྩོམ་ཡིག་གི་སྐྱོན་དང་ཞན་ཆ་ཤོད་དུ་འཇུག་དགོས།
མདོར་ན། རྗོད་བྱེད་ཚིག་གི་སྙན་ཆ་ལྡན་ལ་བརྗོད་བྱའི་དོན་གྱིས་ཕྱུག་ཅིང་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པའི་རྩོམ་ཡིག་ཚད་ལྡན་ཞིག་བྲིས་དགོས་ན། དགེ་རྒན་གྱི་སྐུལ་སློང་འོག་སློབ་མ་རང་ཉིད་ཀྱིས་བརྩོན་འགྲུས་བྱེད་ཐུབ་མིན་ལ་རག་ལུས་པས། སློབ་མས་རྣམ་ཀུན་འཚོ་བ་དངོས་ལ་ལྟ་ཞིབ་གང་མང་བྱས་ཏེ་འཚོ་བའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཡིག་ཐོག་ཏུ་འགོད་པའི་གོམས་གཤིས་ཡག་པོ་ཞིག་འཇགས་ཐབས་བྱེད་དགོས་ལ། འཚོ་བའི་ཁྲོད་ནས་མིང་ཚིག་གི་རྒྱུ་ཆ་གང་མང་བསགས་རྗེས་གཞན་གྱིས་བྲིས་པའི་རྩོམ་ཡིག་གང་མང་ཀློག་པ་དང་། གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་ལད་འབྲི་བྱེད་ཐུབ་ན། གཞི་ནས་རྩོམ་ཡིག་ཡག་པོ་ཞིག་འབྲི་ཐུབ་པར་གདོན་མི་ཟ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ། སྣང་གཞི)