སྨན་དོན་པ་སྟོང་གཞིས་རྩེར་བསྐྱོད་པ།
འདི་ལོའི་ཟླ་6པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་དུས་ཡུན་ཟླ་3གྱི“སྨན་དོན་པ་སྟོང་གཞི་རིམ་དུ་སྐྱོད་པའི”སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་སྨན་སྤྲོད་པ། བདེ་ཐང་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། རིམ་རྩིས་བྱས་ན་འོས་འགན་སྨན་བཅོས་ཐེངས་340བྱས་པ་དང་། སྒོར་ཁྲི་51ལྷག་ཙམ་རི་བའི་སྨན་རྫས་རིན་མི་དགོས་པར་སྤྲད་པ། ཞིང་འབྲོག་ཁུལ་གྱི་མང་ཚོཌ་མི་གྲངས་ཁྲི་3.3ལྷག་ཙམ་ལ་ཕན་པ་བསྐྲུན་ནས། བདེ་ཐང་གཞིས་རྩེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་བྱས་ནས་པེ་ཅིང་དང་། ཧྲང་ཧའེ། སི་ཁྲོན། ཧྲའན་ཤིས་སོགས་ས་ཁུལ་གྱི་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་པའི་ཁར། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དང་དམངས་གཉེར་སྨན་ཁང་གི་ཆེད་ལས་རྐང་འཛིན་པ་ཁྱོན་མི་1050སྒྲིག་འཛུགས་ཀྱིས་སྨན་བཅོས་རུ་ཁག་30བཙུགས་ནས། ས་ཆ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ཏེ་ས་མཐོའི་རྒྱུན་མཐོང་ནད་དང་། ཕོག་སླའི་ནད་རིགས། གཅོང་ནད་སོགས་གཙོ་བོར་བྱས་ནས་རིན་མི་དགོས་པར་བརྟག་དཔྱད་བྱེད་པ་དང་། འོས་འགན་སྨན་བཅོས་དང་བློ་འདྲི་དང་ལེན་བྱེད་པ། རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་སྨན་སྤྲོད་པ། དེ་བཞིན་བདེ་ཐང་གི་འཚོ་བའི་རྒྱུན་ཤེས་དང་འབྲེལ་ཡོད་ནད་རིགས་ཀྱི་སྔོན་འགོག་སྨན་བཅོས་ཤེས་བྱ་གསལ་འགྲེལ་བཅས་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དང་ཞབས་ཞུ་སྒོ་རྩར་བསྐྱལ་ནས་མང་ཚོགས་ཀྱི་བློ་ལ་བབས་པར་བྱས་ཡོད།
སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱེད་སྒོས་མང་ཚོགས་ལ་ཕན་པ་བསྐྲུན་པ་མ་ཟད། ད་དུང་གཞིས་རྩེའི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།