དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • དུས་རབས་གསར་པའི་སློབ་གསོའི་རྒྱབ་ལྗོངས་འོག་འཛིན་བདག་ལ་ཚང་དགོས་པའི་བྱང་ཚད་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    འཛིན་བདག་ནི་འཛིན་གྲྭ་ཞིག་གི་ཀྲུའུ་རེན་ཙམ་མ་ཟད། སློབ་གྲྭའི་སྐུ་ཚབ་ཞུས་ནས་ཏང་གི་སློབ་གསོའི་འཐབ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མཁན་ཞིག་ཀྱང་རེད། དེས་མི་ཚད་འཛིན་བདག་ནི་འཛིན་གྲྭ་ཞིག་གི་སློབ་གསོའི་སྒྲིག་འཛུགས་པ་དང་སྣེ་ཁྲིད་མཁན་རེད་ལ། སློབ་གྲྭ་དང་སློབ་མའི་ཁྱིམ་བདག་དབར་གྱི་འབྲེལ་བ་འཛུགས་པའི་ཟམ་པ་ལྟ་བུའང་རེད། སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་ཁྲོད་འཛིན་བདག་གིས་དགེ་རྒན་ཙམ་མ་ཡིན་པར་ད་དུང་ཕ་མ་དང་། སྨན་པ། ཁྲིམས་དཔོན། སྒྱུ་རྩལ་པ་སོགས་ཀྱི་ངང་ཚུལ་འཛིན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དུས་རབས་གསར་པའི་བྱང་ཚད་སློབ་གསོའི་བླང་བྱ་དོན་འཁྱོལ་གྱི་བརྒྱུད་རིམ་ཁྲོད། འཛིན་བདག་གི་བྱང་ཚད་ལའང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རེ་བ་ཇེ་མཐོར་འགྲོ་བཞིན་ཡོད། རྩོམ་ཡིག་འདིར་རང་ཉིད་ལོ་མང་འཛིན་བདག་བྱས་པའི་མྱོང་བ་དང་སློབ་གསོའི་རིག་དེབ་ཁག་གི་གཞུང་ལུགས་གཉིས་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་སློབ་གསོའི་རྒྱབ་ལྗོངས་འོག་འཛིན་བདག་ལ་ཚང་དགོས་པའི་བྱང་ཚད་སྐོར་མདོ་ཙམ་གླེང་བར་བྱ།

    གཅིག ཆབ་སྲིད་བསམ་བློའི་བྱང་ཚད།

    འཛིན་བདག་གི་ལས་ཀའི་ཁྱད་ཆོས་ལ་དམིགས་ནས་འཛིན་བདག་ཞིག་ལ་ངེས་པར་དུ་ལྡན་དགོས་པ་ནི་ཆབ་སྲིད་བསམ་བློའི་བྱང་ཚད་རེད། འཛིན་གྲྭའི་ལས་ཀའི་གཙོ་གནད་ཀྱང་སློབ་མའི་ཆབ་སྲིད་བསམ་བློའི་ལས་ཀ་ཡིན་པས། ཆབ་སྲིད་བསམ་བློའི་སློབ་གསོ་དེ་གཏིང་ཟབ་དང་འབྲས་བུ་ཐོན་པ་ཞིག་ཏུ་ཡོང་དགོས་ན། འཛིན་བདག་དགེ་རྒན་ལ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་མོ་དང་བསམ་བློའི་བྱང་ཚད་མཐོ་པོ་ཞིག་ངེས་པར་དུ་ལྡན་དགོས།

    གཉིས། ཀུན་སྤྱོད་ཀྱི་བྱང་ཚད།

    འཛིན་བདག་གི་ལས་ཀའི་ཁྱད་ཆོས་ལས་འཛིན་བདག་དང་སློབ་མའི་དབར་འབྲེལ་འདྲིས་བྱེད་པའི་གོ་སྐབས་མང་བས་འཛིན་བདག་གིས་སློབ་མར་ཐེབས་པའི་ཤུགས་རྐྱེན་ཡང་དགེ་རྒན་གཞན་ལས་གཏིང་ཟབ་པ་ཡོད། དེར་བརྟེན། འཛིན་བདག་ལ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་པོ་དགོས་ཏེ། དེ་ཡང་སློབ་གསོ་མཁས་ཅན་ཁུང་ཙེ་ཡིས། “དགེ་ཡི་སྤྱོད་པ་མཛེས་གྱུར་ན། བཀའ་རྒྱ་མེད་རུང་དང་དུ་ལེན། དགེ་ཡི་སྤྱོད་པ་དམན་གྱུར་ན། བཙན་པའི་བཀའ་ཡང་ཁུར་མི་ལེན”ཞེས་པ་ལས་འཛིན་བདག་ཅིག་གིས་སློབ་གསོའི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ངེས་པར་དུ་སྤྱོད་པ་ལེགས་པར་བསྐྱངས་ནས་རང་དཔེ་གཞན་སྟོན་གྱིས་སློབ་གསོར་འཇུག་དགོས་པ་བསྟན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་་བཞི་ལྡན་དགེ་རྒན་གྱི་བླང་བྱ་ལྟར། འཛིན་བདག་ཅིག་གི་ནང་སེམས་ཀྱི་བྱང་ཚད་ནི་གང་དེར་འགྱུར་མེད་ཀྱི་ཕུགས་བསམ་ལྡན་དགོས་པ་དེ་ཡིན་ཞིང་། འཛིན་བདག་གིས་སློབ་གྲྭའི་སྲིད་འཛིན་དབུ་ཁྲིད་དང་དགེ་རྒན་གཞན་གྱི་གཞོགས་འདེགས་འོག སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པའི་སློབ་གསོའི་མཛད་ཕྱོགས་དོན་འཁྱོལ་བྱེད་དགོས་སྟབས། འཛིན་བདག་གི་ལས་ཀ་ནི་རྙོག་འཛིང་ཆེ་ལ་འགན་འཁྲི་ནི་ལྕི་བ་ཞིག་ཡོད། དེར་བརྟེན། འཛིན་བདག་གིས་རང་འཛིན་གྲྭའི་གནས་ཚུལ་དངོས་ལ་གཞིགས་ནས་སློབ་མར་སློབ་གསོ་དང་། དོ་དམ། སྣེ་ཁྲིད་བཅས་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཞིབ་ཚགས་དང་ནན་ཏན་ངང་ལག་བསྟར་བྱས་ཏེ། འཛིན་གྲྭ་དེའི་སློབ་མ་རྣམས་ཧུར་སྐྱེད་ཡར་བརྩོན་དང་། སྒྲིག་བཀུར་ཁྲིམས་སྲུང་། མཐུན་སྒྲིལ་རོགས་རེས། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྙིང་སྟོབས་ལྡན་པའི་སློབ་མར་གསོ་སྐྱོང་བྱེད་དགོས། གཞན་ཡང་། འཛིན་བདག་ཞིག་ལ་མེད་དུ་མི་རུང་བའི་ཀུན་སྤྱོད་ཀྱི་བྱང་ཚད་ནི་སློབ་མ་བྱམས་ཀྱིས་སྐྱོང་དགོས་པ་དེ་རེད། དེ་ཡང་སུའུ་ལན་གྱི་སློབ་གསོ་བ་གྲགས་ཅན་ཧོའུ་མུ་ལིན་སེ་ཅིས། “བརྩེ་བ་མེད་ན་སློབ་གསོ་མེད”ཅེས་གསུངས་པ་ལྟར་བརྩེ་བ་ནི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། སློབ་གསོ་ལེགས་གྲུབ་ཡོང་བའི་སྔོན་འགྲོའང་ཡིན། དེས་ན་དགེ་རྒན་ཞིག་གིས་རང་གི་སློབ་མ་རྣམས་བྱམས་དང་བརྩེ་བས་སྐྱོང་དགོས་པ་ནི་ཧ་ཅང་གལ་འགངས་ཆེ། དེ་ཡང་བརྩེ་བ་འཆང་ཚུལ་ལའང་ཡང་དག་མིན་སྣ་ཚོགས་ཡོད་པས། དགེ་རྒན་གྱིས་སློབ་མ་ཚོར་ལུགས་མཐུན་གྱི་བརྩེ་བ་ཞིག་བཅངས་དགོས་པ་སྟེ། སློབ་མའི་གོམས་གཤིས་དང་སྤྱོད་ལམ་ངན་པར་ནན་གྱིས་གདམས་ནས་ཕྱིས་ནས་ཡོ་བསྲང་བྱེད་དུ་འཇུག་པ་དང་། སློབ་མའི་རང་གཤིས་དང་ཤེས་རབ་ཀྱི་གཞན་ཆའི་ཐད་ལ་ངང་རྒྱུད་ཆུ་ལས་རིང་དགོས་པ། ལྷག་དོན་དུ་དགེ་རྒན་གྱི་སྐུལ་ལྕག་དང་གཟེངས་བསྟོད་ནི་སློབ་མའི་རང་རྟོན་དང་རང་སྟོབས་འཕེལ་ཞིང་། སློབ་སྦྱོང་ལ་ངར་ཤུགས་འཕེལ་བའི་འགུལ་ཤུགས་གཙོ་བོ་ཡིན། རྒྱུན་དུ་སློབ་མ་ཚང་མར་རང་རང་གི་ལེགས་ཆ་རེ་ཡོད་སྲིད་པས། དགེ་རྒན་གྱིས་ཐབས་བརྒྱ་ཇུས་སྟོང་ངང་སློབ་མའི་ལུས་ཐོག་གི་ལེགས་ཆ་དང་དགེ་མཚན་སྔོག་འདོན་བྱས་ཏེ་དེར་བསྟོད་བསྔགས་དང་སྐུལ་ལྕག་བྱེད་པར་ཕངས་སེམས་མི་བྱེད་པ་ནི་སློབ་མ་ཚོར་བརྩེ་བ་སྤྲོད་སྟངས་ཀྱི་ཐབས་ཤིག་གོ

    གསུམ། ཡོན་ཏན་གྱི་བྱང་ཚད།

    དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་པས། དེར་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་སློབ་པའི་ཀུན་སློང་རྣམ་དག་ཡོད་དགོས་ལ། དེ་བས་ཡོན་ཏན་བུམ་པ་གང་ལྡན་པའི་ཤེས་ལྡན་པ་ཞིག་ཡིན་དགོས་པ་ནི་མ་མཐའི་ཆ་རྐྱེན་ནོ། འོན་ཏེ། ཚན་རིག་གི་འཕེལ་རྒྱས་མདའ་ལས་མྱུར་བའི་དུས་རབས་གསར་པའི་སློབ་གསོའི་རྒྱབ་ལྗོངས་འོག དགེ་རྒན་རྣམས་ལ་བཏོན་པའི་བླང་བྱ་སྔར་བས་ཆེ་རུ་སོང་ཡོད་སྟབས། འཛིན་བདག་ཅིག་ལ་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་རྒྱ་མེད་ན་རང་གིས་དོ་དམ་བྱེད་པའི་འཛིན་གྲྭ་དེ་ཡག་པོ་ཞིག་གཅུན་མི་ཐུབ། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར་དགེ་རྒན་གྱིས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། གཅིག་ནས་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་སློབ་སྦྱོང་དང་། གཉིས་ནས་རང་གི་ཁྲིད་བྱའི་རིག་ཚན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་མ་ཟད། དུས་རབས་ཀྱི་འགྲོས་དང་མཐུན་པའི་སློབ་ཁྲིད་ཀྱི་རྩལ་ནུས་མཐོ་རུ་གཏོང་དགོས། གསུམ་ནས་དོ་དམ་རིག་པ་དང་སེམས་ཁམས་རིག་པའི་ཤེས་བྱའི་སྟོང་ཆ་གསབ་ནས་རང་ཉིད་ཀྱི་འཛིན་གྲྭ་དེ་ཡར་ཐོན་དང་བདེ་ཐང་གིས་ཕྱུག་པའི་རྩ་འཛུགས་ཤིག་ཏུ་གསོ་སྐྱོང་བྱ་དགོས། བཞི་ནས་ད་དུང་སྐད་ཆའི་སྒྱུ་རྩལ་དང་མི་ཆོས་རིག་པར་སློབ་སྦྱོང་གིས་འཛིན་བདག་དང་སློབ་ཕྲུག འཛིན་བདག་དང་ཁྱིམ་བདག འཛིན་བདག་དང་རིག་ཚན་ཁག་གི་དགེ་རྒན་བར་འབྲེལ་བ་བཟང་པོ་ཞིག་ཆགས་པར་བྱེད་དགོས། མདོར་ན་དགེ་རྒན་ཞིག་གིས་སློབ་མར་ཆུ་བུམ་པ་གང་བྱིན་དགོས་ཚེ། རང་ཉིད་ནི་ལྷུང་ལྷུང་ཆད་མེད་དུ་འབབ་པའི་གཙང་ཆབ་ཞིག་ཡིན་དགོས་པས་ནམ་ཡང་སློབ་སྦྱོང་གི་ངལ་བ་ཁུར་དུ་ལེན་དགོས་སོ།།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་བོད་ཡིག་དགེ་རྒན་བློ་བཟང་ཕུན་ཚོགས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།