དམའ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ལ་མཁོ་བའི་དུས་བསྟུན་གྱི་བླང་བྱ་འགའ་རགས་ཙམ་གླེང་བ།
སློབ་མ་སུ་འདྲ་ཞིག་ཡིན་རུང་སོ་སོའི་ན་ཚོད་དང་བསྟུན་པའི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་ཅིང་། དེ་ཡང་རང་གི་ཉེ་འཁོར་དུ་ཡོད་པའི་ཕ་མ་དང་། དགེ་རྒན། སློབ་གྲོགས། སྤྱི་ཚོགས་སོགས་ཀྱིས་ཐེབས་པའི་ཤུགས་རྐྱེན་དང་འབྲེལ་བ་ཡོད་མོད། མཐར་གཏུགས་ན་དགེ་རྒན་དང་འབྲེལ་བ་ཟབ་མོ་ཡོད་སྙམ། དེ་ནི་སློབ་མ་རྣམས་སློབ་གྲྭར་བསྐྱོད་པའི་ཉིན་དེ་ནས་བཟུང་ཉིན་རེའི་དུས་ཚོད་ཕལ་ཆེ་བ་དགེ་རྒན་དང་མཉམ་གཤིབ་མཉམ་འགྲོགས་བྱེད་དགོས་སྟབས་དགེ་རྒན་དེའི་སློབ་ཁྲིད་བཟང་ངན་གྱིས་སློབ་མར་ཏིལ་ལ་ཏིལ་མར་ཚུལ་དུ་ཤུགས་རྐྱེན་ཐེབས་པས་ཡིན། དེར་བརྟེན་དགེ་རྒན་གྱིས་དེང་གི་སློབ་ཁང་སློབ་ཁྲིད་ལ་སློབ་མར་ཤེས་བྱ་སྐམ་པོ་དང་བསླབ་གཞིའི་ནང་དོན་ཁོ་ན་སློབ་པའི་སྣང་ཚུལ་དུ་ལུས་ན་འདི་ནི་རྡོ་ལག་བརྒྱུད་ལྟ་བུ་ཡིན་ལ། དེང་གི་སློབ་གསོའི་དགོས་མཁོ་དང་མི་འཚམ་པས་འདིར་སློབ་ཁང་སློབ་ཁྲིད་ལ་ཕན་ནུས་ཇེ་ཆེར་ཐོན་ཐུབ་སྙམ་པའི་བླང་བྱ་ཁག་གཅིག་ཟུར་དུ་བཏོན་ནས་དེ་དག་གིས་བོད་སྐད་ཡིག་སློབ་ཁྲིད་ཐད་ལ་སྔར་བས་ཁ་སྐོང་ཟུར་བརྒྱན་ཐུབ་པར་ཅུང་ཟད་ཙམ་ཞིག་གླེང་བར་འདོད་དོ། །
གཅིག སློབ་ཚན་གྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཀྱི་བླང་བྱའི་སྐོར།
སློབ་ཚན་གསར་བཅོས་ཀྱི་སྐད་ཡིག་གི་ཐོན་ཁུངས་སྐོར་ལ། སྐད་ཡིག་སློབ་ཚན་གྱི་ཚད་གཞི་ལས། "སྐད་ཡིག་སློབ་ཚན་གྱི་ཐོན་ཁུངས་ལ་སློབ་ཁང་སློབ་ཁྲིད་ཀྱི་ཐོན་ཁུངས་དང་སློབ་ཕྱིའི་སློབ་སྦྱོང་གི་ཐོན་ཁུངས་གཉིས་ཡོད"ཅེས་གསུངས་པ་ལྟར། ད་ཡོད་བོད་སྐད་ཡིག་གི་དགེ་རྒན་རྣམ་པས་རྒྱུན་གཏན་གྱི་སློབ་ཁྲིད་ལ་འགན་བབས་བསླབ་གཞི་ཁོ་ན་སློབ་མའི་སྐད་ཡིག་གི་ཆུ་ཚད་གསོ་བའི་སློབ་ཚན་གྱི་ཐོན་ཁུངས་ཉག་གཅིག་ཏུ་ངོས་བཟུང་ནས་བསྡད་ན་མི་འགྲིག་སྙམ། ལྷག་པར་དུ་དེང་དུས་བོད་སྐད་ཡིག་རིག་ཚན་འདི་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་ན་རྒྱུན་དུ་དགེ་རྒན་རྣམ་པས་འཚོ་བའི་ནང་དུ་སྤྱོད་སྒོ་ཆེ་བའི་སློབ་ཕྱིའི་ཐོན་ཁུངས་གང་མང་ཞིག་སྔོག་འདོན་དང་མཁོ་སྤྲོད་བྱེད་དགོས་པ་སྟེ། ༡.ཡང་དག་པའི་སྒོ་ནས་དྲ་རྒྱ་བེད་སྤྱོད་དང་། ཚགས་པར་དང་དུས་དེབ། གསར་འགྱུར་དང་སློབ་མ་འཚར་ལོངས་ལ་ཕན་པའི་དཔེ་དེབ་སྣ་ཚོགས་ལྟ་ཀློག་གི་ཐོན་ཁུངས་སུ་གྱུར་པར་བྱས་ཏེ་སློབ་མར་མཁོ་སྤྲོད་གནང་དགོས་པ། ༢.སྤྱི་ཚོགས་སུ་ཚང་མས་དོ་ཁུར་བྱེད་པའི་དོན་ཆེན་ལ་སློབ་མ་རང་གི་དགག་བཞག་བྱེད་ཐབས་དང་། ལྟ་ཚུལ་ལྷུག་བརྗོད་ལ་ཁྲིད་སྟོན་གནང་དགོས་པ། ༣.ས་ཁུལ་དང་ཡུལ་ལུང་སོ་སོར་རང་བྱུང་དང་། མི་ཆོས། སྤྱི་ཚོགས་སྐད་ཡིག་གི་ཐོན་ཁུངས་གང་མང་ཡོད་ལ། ཞིང་འབྲོག་ས་ཁུལ་དུ་སྤྱོད་པའི་སྐད་ཡིག་སྣ་ཚོགས་བག་ལ་ཞ་བར་གནས་ཡོད་པ་རྣམས་སྔོག་འདོན་གང་ལེགས་བྱས་ཏེ་སྐད་ཡིག་སློབ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་ཁྲིད་གནང་དགོས། དེ་ལྟར་བྱུང་ཚེ་འདི་ནི་སྐད་ཡིག་སློབ་ཚན་གྱི་ཚད་གཞིར“སྐད་ཡིག་དགེ་རྒན་གྱིས་སློབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་ལ་མཐོང་ཆེན་བྱེད་དགོས་པ་དང་། གསར་གཏོད་ཡོད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་སློབ་མས་གནས་ཡུལ་མང་པོར་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཕྱོགས་མང་པོ་ནས་སློབ་མའི་སྐད་ཡིག་གི་ནུས་པ་ཇེ་མཐོར་གཏོང་དགོས”པའི་བླང་བྱ་ཁག་དོན་འཁྱོལ་གང་ལེགས་ཐུབ་པ་ཞིག་ཀྱང་ཡིན་སྙམ།
གཉིས། བོད་སྐད་ཡིག་གི་ཁྲིད་རྣམ་ལ་འགྱུར་བ་གཏོང་དགོས་ཚུལ་གྱི་བླང་བྱའི་སྐོར།
དེ་ཡང་བོད་སྐད་ཡིག་སློབ་ཁྲིད་ལ་དགེ་རྒན་གྱིས་འཁྲིད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་འཆད་ཉན་རྐྱང་པའི་སློབ་ཁྲིད་ཀྱིས་དེང་གི་སློབ་མ་དང་མ་འོངས་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དེ་བས་སྐོང་ཐབས་བྲལ་བ་མ་ཟད། དེ་ལས་ལྡོག་སྟེ་དེ་དག་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གནོན་ཤུགས་དང་བཀག་རྒྱ་ཐེབས་པས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་ལྟ་ཅི་མཐའ་མཇུག་གི་འབྲས་བུ་དེ་ཡང་ལེགས་པོ་ཞིག་མི་ཐོན་པའི་སྣང་ཚུལ་མང་དག་ཅིག་མཆིས་སོ། དེས་ན་དགེ་རྒན་གྱིས་མིག་སྔའི་སློབ་ཁྲིད་ཀྱི་སྣང་ཚུལ་མང་པོ་ཞིག་ལ་རྟོག་དཔྱོད་དང་། ཞུན་བརྡར་ལེགས་པར་བྱས་ཏེ་ཁྲིད་ཐབས་དང་སྦྱོང་ཐབས་ལ་དེ་བས་ཀྱང་བསམ་གཞིག་བསྐྱར་མ་ཞིག་བྱེད་དགོས་པ་ནི་ས་པཎ་མཆོག་གིས“ཡོན་ཏན་ལྡན་ཡང་བསྟེན་དྲགས་ན། །ཕལ་ཆེར་སྐྱོ་བ་སྐྱེ་བ་སྲིད། །བུར་ཤིང་ཤིན་ཏུ་ཞིམ་པ་ཡང་། །རྒྱུན་དུ་བསྟེན་ན་ཕལ་ཆེར་འདོར། །”ཞེས་གསུངས་པ་ལྟར་ཡིན་པས་དགེ་རྒན་གྱིས་འཁྲིད་སྦྱོང་གཉིས་འཚམ་གྱི་ཐབས་ལམ་ལེགས་པོ་ཞིག་གི་ཕྱོགས་སུ་གཞོལ་དགོས་སྙམ། དེ་ཡང་ཐོག་མར་སློབ་མའི་བསམ་གཞིག་ལ་བརྩི་འཇོག་བྱེད་པའི་འཁྲིད་རྣམ་མངོན་པར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཁྲིད་གཞི་གང་དང་གང་ལའང་སྔོན་ལ་སློབ་མ་རང་ངོས་ནས་བསམ་གཞིག་བྱེད་དུ་འཇུག་པ་དང་། གནད་དོན་འཚོལ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་ལ་འབད་དགོས་པ། དེ་རྗེས་དགེ་ཕྱོགས་ནས་མཛུབ་ཁྲིད་དང་བློ་སྒོ་འབྱེད་པའི་ཐབས་ལམ་སོགས་ལ་བརྟེན་ན་ད་གཟོད་སློབ་མའི་བག་ལ་ཞ་བའི་དགའ་སྣང་བྱ་ཡུལ་མང་བར་ཁས་ལེན་ཐུབ་པ་དང་། ཤེས་བྱ་སྦྱོང་འདོད་ཀྱི་བློ་ཤུགས་ཆེ་བར་ཁྲིད་སྟོན་ཐུབ་པ། དོགས་སློང་དང་རྩོད་གླེང་ལ་དགའ་བའི་བྱིས་པའི་རང་གཤིས་རྣམས་དེ་བས་སྔོག་འདོན་ཐུབ་ནས་སློབ་ཁྲིད་ཀྱི་ཕན་འབྲས་མཐོ་རུ་གཏོང་ཐུབ་སྙམ། སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུ་ཧོ་མུ་ལིན་སི་ཅི་ཡིས། “མིའི་སེམས་སྦུགས་སུ་བརྟན་ཞིང་གཡོ་བ་མེད་པའི་དགོས་མཁོ་ཞིག་ཡོད་པ་དེ་ནི་རང་ཉིད་འཚོལ་མཁན་དང་། ཞིབ་འཇུག་མཁན། དཔྱད་ཞིབ་མཁན་ཡིན་སྙམ་པ་འདི་རེད། བྱིས་པའི་བསམ་བློའི་འཇིག་རྟེན་ལ་དགོས་མཁོ་འདི་རིགས་ཤུགས་ཆེར་ལྡན་ཡོད”ཅེས་གསུངས་པ་ལྟར་དགེ་རྒན་གྱིས་སློབ་མར་དེ་ལྟ་བུའི་གདིང་ནུས་ལྡན་པར་མཁྱེན་རྟོགས་ཐོག་འཆད་ཁྲིད་རྐྱང་པའི་ངོ་བོ་ནས་གྲོལ་མཁས་གནང་སྟེ་སློབ་མས་བསམ་གཞིག་བྱེད་པའི་གོམས་གཤིས་གསོ་བ་དང་། དུས་ཚོད་མི་ཉུང་བ་སྤྲོད་པའི་ཕྱོགས་ལ་འགྱུར་བ་གཏོང་བ་ཡིན་ན་མཐའ་མཇུག་སློབ་ཁྲིད་ཀྱི་འབྲས་བུར་ཡང་འབྲས་བཟང་སྨིན་པར་དཀའ་ཁག་ཨེ་ཡོད་སྙམ།
གསུམ། གདེང་འཇོག་བྱ་ཐབས་ཐད་འགྱུར་བ་གཏོང་དགོས་པའི་བླང་བྱའི་སྐོར།
སྐད་ཡིག་སློབ་ཁྲིད་སྐབས་གཡོལ་ཐབས་མེད་པའི་གདེང་འཇོག་གི་བླང་བྱ་ནི་སློབ་ཐོན་གྱི་མཐའ་མའི་གདེང་འཇོག་དེ་རེད། དགེ་རྒན་གྱིས་མཐའ་མའི་གདེང་འཇོག་འདི་ལ་དམིགས་ནས་ནམ་ཞག་རྒྱུན་དུ་སློབ་ཁྲིད་ནུས་ལྡན་ཞིག་གནང་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་སློབ་ཁྲིད་ལ་རྟ་རྒྱུག་གློད་དེ་སློབ་དཀྱིལ་ཡོལ་ཙམ་ཞིག་ནས་སློབ་དེབ་ཧྲིལ་པོའི་ནང་དོན་འཁྲིད་ཚར་བ་བྱས་ཏེ་སློབ་དུས་ལྷག་མ་རྣམས་ལ་སློབ་མར་ཚད་ལས་འདས་པའི་ཚོད་རྒྱུགས་གཏོང་བ་ཁོ་ནས་དུས་འདའ་བ་དེས་འཚར་ལོངས་ཡོང་བཞིན་པའི་སློབ་མའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་ཡོད་པས་སྣང་ཚུལ་འདི་འདྲར་ང་ཚོས་ཅི་ནས་ཀྱང་འགྱུར་ལྡོག་ཡོང་བར་བྱེད་དགོས་སྙམ།
སྤྱིར་མི་རིགས་གཞན་གྱི་སྐད་ཡིག་སློབ་ཁྲིད་གྲུབ་རིམ་གྱི་གདེང་འཇོག་ལ་དུས་རྒྱུན་དོ་ཁུར་ཆེར་སྐྱེད་བྱེད་བཞིན་ཡོད་པའི་སྣང་ཚུལ་ལ་དཔགས་ན་རང་ཅག་བོད་སྐད་ཡིག་སློབ་ཁྲིད་བྱེད་རིང་ཡང་གྲུབ་རིམ་གྱི་གདེང་འཇོག་འདི་ལ་སྣང་ཆུང་གཏན་ནས་བྱ་མི་རུང་སྙམ། སྐད་ཡིག་སློབ་ཚན་གྱི་ཚད་གཞིའི་ནང་དུ་ཡང“གྲུབ་རིམ་གྱི་གདེང་འཇོག་དང་མཇུག་མཐའི་གདེང་འཇོག་གང་ཡིན་ཡང་ངེས་པར་མཁོ་མོད། འོན་ཀྱང་གྲུབ་རིམ་གྱི་གདེང་འཇོག་ལ་ཤུགས་སྣོན་རྒྱག་དགོས”ཞེས་པ་དང་། ཡང“སློབ་མའི་ནམ་རྒྱུན་གྱི་སློབ་སྦྱོང་གི་རྣམ་འགྱུར་ལ་གཞིགས་ནས་སྐུལ་ལྕག་དང་། སྐུལ་སློང་རང་བཞིན་གྱི་དཔྱད་ཚིག་སྤྱད་ནས་ཅི་ནུས་ཀྱིས་དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་དགོས”ཞེས་པ་ལྟར་དུས་རྒྱུན་སློབ་མའི་ཉིན་རེའི་འཕེལ་རྒྱས་ལ་གཞིགས་པའི་གདེང་འཇོག་གི་བར་སྟོང་འདྲ་མིན་སྣ་ཚོགས་ལ་སྣང་ཆེན་བྱེད་དགོས་པ་སྟེ། ༡.སློབ་མའི་རྒྱུན་གཏན་གྱི་བསམ་བློ་ཀུན་སྤྱོད་ལ་མཐོང་ཆེན་བྱས་ཏེ་སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་མིན་དང་། སྐད་ཆ་དྲང་བདེན་ཤོད་མིན། མཉམ་སྡེབ་ཀྱི་འདུ་ཤེས་ལྡན་མིན། ཡ་རབས་གུས་ཞབས་མཚོན་མིན། ཕན་ཚུན་རོགས་རམ་དང་གཅེས་སྐྱོང་གི་བསམ་པ་མངོན་མིན། གཙང་སྦྲ་འཕྲོད་བསྟེན་དང་ངལ་རྩོལ་ལ་ཧུར་ཞུགས་ཐུབ་མིན་ལ་སོགས་པའི་གྲུབ་རིམ་གྱི་གདེང་འཇོག་ལ་རྒྱུན་གཏན་ནས་དོ་སྣང་དང་ཐོ་འགོད་གང་ལེགས་གནང་སྟེ་ལེགས་ཕྱོགས་ལ་སྐུལ་འདེད་གཏོང་བར་འབད་དགོས་པ། ༢.རྒྱུན་གཏན་གྱི་སློབ་སྦྱོང་བྱེད་ཚུལ་ཐད། དགེ་རྒན་གྱིས་སློབ་ཚན་འཁྲིད་སྐབས་སྐྱོ་ངལ་སྣ་ཚོགས་སྤངས་ཏེ་ཚོགས་ཐུན་གང་དང་གང་ལའང་དེ་དང་དེ་འབྲེལ་གྱི་སློབ་མས་སློབ་སྦྱོང་བྱེད་པའི་སྣང་ཚུལ་ཁག་སྟེ། ①ཡི་གེ་ངོས་འཛིན་སྐབས་སློབ་མའི་སྐད་ཡིག་ཀློག་འདོན་ཐད་ལ་གཅོད་མཚམས་རན་མིན། སྐད་ཤུགས་མཐོ་དམན། མྱུར་དལ་གང་འདྲ་ཡིན་མིན་སོགས་ལ་གདེང་འཇོག་བྱེད་པ། ②ལྟ་ཀློག་དབྱེ་ཞིབ་སྐབས་ནང་དོན་ཕྱོགས་བསྡུས་ཐུབ་མིན་དང་། ཚིག་སྦྱོར་གྱི་ནུས་པ་སྔོག་འདོན་ཐུབ་མིན། བསམ་ཚུལ་དང་བློ་སྐྱེད་གང་བྱུང་མིན་སོགས་སློབ་ཁྲིད་བྱེད་རིང་དྲི་བར་ལན་འདེབས་ཚུལ་ལ་གདེང་འཇོག་བྱེད་པ། ③འབྲི་སྦྱོང་སྐབས་ཟིན་བྲིས་འགོད་པ་དང་སྦྱོང་ཚན་འབྲི་སྐབས་སློབ་མའི་ཡིག་གཟུགས་དང་ཁམས་གཙང་ལོས། གཙོ་ཕལ་ཇི་ལྟར་འགོད་མིན་ལ་གདེང་འཇོག་བྱེད་པ་ལྟ་བུར་དེ་བས་མཉམ་འཇོག་བྱེད་དགོས། སུའུ་ལན་གྱི་སློབ་གསོ་མཁས་ཅན་སུ་ཧོ་མུ་ལིན་སི་ཅི་ཡིས།“དགེ་རྒན་གྱིས་སློབ་མར་གདེང་འཇོག་བྱེད་དུས་འཇོན་ཐང་ཁོ་ནར་གདེང་འཇོག་མི་བྱེད་པར་ངལ་རྩོལ་དང་འཇོན་ཐང་གཅིག་འདུས་ལ་གདེང་འཇོག་བྱེད་དགོས་པ་མ་ཟད། ངལ་རྩོལ་གྱི་གདེང་འཇོག་སྔོན་ལ་འཇོག་དགོས། དེ་ལྟ་བུའི་གདེང་འཇོག་ནི་ཀུན་སྤྱོད་ཕྱོགས་ནས་འཐད་པ་ཞིག་ཡིན”ཅེས་གྲུབ་རིམ་གྱི་གདེང་འཇོག་བྱེད་རིང་སློབ་མའི་ངལ་རྩོལ་གྱི་གདེང་འཇོག་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་མཐོང་ཐུབ། དེར་བརྟེན་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་རྣམ་པས་ནམ་ཞག་རྒྱུན་དུ་སློབ་མས་སློབ་སྦྱོང་བྱེད་ཚུལ་ལ་དོ་སྣང་མང་ཙམ་བྱས་ཏེ་ཁོ་ཚོར་ཡར་སྐུལ་གྱི་གདེང་འཇོག་གང་མང་གནང་དགོས་གལ་ཆེ།
མདོར་ན། དེང་གི་བོད་སྐད་ཡིག་སློབ་ཁྲིད་བྱེད་རིང་དུས་རབས་དང་འཚམ་པའི་བླང་བྱ་མང་དག་ཅིག་སློབ་ཁྲིད་ཀྱི་གཡུལ་ས་མདུན་མར་ཕྱག་ལས་གནང་བཞིན་པའི་སྐད་ཡིག་དགེ་རྒན་གྱིས་བསམ་ཞིབ་ནན་པོས་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ལ་མང་ཙམ་སྤྱོད་པར་ནུས་ཤུགས་མི་ཉུང་བ་འབུལ་ཐུབ་ན་སློབ་མའི་ཚེ་གང་ལ་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་ཡོང་བར་སྙམ་ཞེས་ཞུ་འདོད་དོ།
(ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ། ཉི་མ་བུ་ཁྲིད)