བསྟོད་དབྱངས་ཅོ་ཀའི་དྲུག་འགྲུར།
འཛམ་གླིང་ས་ཡི་ལྟེ་བ་གངས་ཅན་ལྗོངས། །
རྒྱ་ཆེ་གཏིང་ཟབ་རིག་གཞུང་པདྨའི་མཚོ། །
ཐུན་མོང་མ་ཡིན་ལྔ་རིག་འདབ་བརྒྱ་གྲོལ། །
ལྟ་སྤྱོད་གཙང་མས་འོད་གསལ་ལྷ་ལ་འགྲན། །
བཀའ་དྲིན་མཚུངས་མེད་མེས་པོའི་སྐུ་དྲིན་ལས། །
བསིལ་ལྡན་ལྗོངས་འདིར་ཤེས་དཔལ་ཉིན་བྱེད་ཤར། །
གསང་ཆེན་མི་ནུབ་ལུང་རིགས་འབྲས་བུ་སྨིན། །
ངོ་མཚར་རིག་དངོས་རི་བོ་གྲུ་འཛིན་བཞེངས། །
སྙན་གྲགས་དབྱར་རྔ་སྲིད་གསུམ་ཀུན་ལ་ཁྱབ། །
རྟ་ཐོག་མི་རིགས་དཀྱེལ་ཆེའི་སྤོབས་པས་འགྱིང་། །
རིག་བྱེད་དབྱངས་བདུན་རྫོགས་པའི་རྒྱུད་མངས་ལས། །
འདས་སོང་ལོ་རྒྱུས་སྙན་མོའི་དབྱངས་ལ་བཀུག །
ངན་ངོན་བག་ཆགས་བརྟས་པའི་རིག་གསར་གྱིས། །
སྣང་མཐོང་གཙུག་ལག་ཐམས་ཅད་འཇིག་བྱས་ཏེ། །
རབ་རིབ་མེས་པོའི་མཛེས་ཞལ་མོག་པོར་བཏང་། །
ཕྱི་ནང་སྣོད་བཅུད་འཁྲུགས་པས་བློ་རེ་ཕམ། །
དེ་མུར་བསྒྱུར་བཅོས་སྒོ་དབྱེའི་སྐྱ་རེངས་ཤར། །
ངན་རེངས་རིག་གསར་མུན་པ་མཐའ་ནས་སད། །
སྔོན་ཐོན་རིག་གནས་རླབས་ཀྱི་མཁའ་ན་རྩེན། །
ཚན་རྩལ་རལ་གྲིས་རྨོངས་འཐོམ་རྩད་ནས་བཅོམས། །
མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིག་བྱེད་ཀྱིས། །
འཕུར་གྲུར་བཞུགས་སྟེ་གོ་ལའི་གནས་ལུགས་བཙལ། །
སྟོང་གསུམ་ཁམས་ཀྱི་ཉམས་སྣང་མ་ལུས་མཐོང་། །
ཐབས་མཁས་བློ་ཡིས་ལྐོག་འགྱུར་གསང་བ་བརྟོལ། །
འཛམ་གླིང་ས་ཡི་ཤར་ཕྱོགས་ཡུལ་གྲུ་ན། །
སྙན་པ་དོན་ལྡན་ཀྲུང་གོ་ཁྱད་དུ་འཕགས། །
དེང་རབས་ཅན་བཞིའི་རླབས་ཆེན་གྲུབ་འབྲས་ཀུན། །
དབྱར་མཚོའི་དཔལ་བཞིན་གོང་དུ་འཕེལ་བས་མཚར། །
ཨེ་མ་མེས་རྒྱལ་འབྱོར་ཕྱུག་དགུང་ལས་མཐོ། །
མི་རིགས་རང་སྐྱོངས་སུམ་རྩེན་ལྷ་ལས་སྐྱིད། །
ཡང་དག་སྲིད་ཇུས་ཚངས་པའི་ཐིག་ལས་དྲང་། །
མཐོ་སྒང་མི་དམངས་བདེ་སྐྱིད་འཚོ་བར་རོལ། །
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།
རྩོམ་པ་པོ། རིག་འཛིན་རྡོ་རྗེ། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་མ།