དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་མའི་ལེགས་རྩོམ།
  • ན་ནིང་གི་སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཉི་མ།   |     སྤེལ་དུས།  2023-11-20

    སྲང་ལམ་ན་ལོ་མ་ཁྱུ་གཅིག་འཕུར་ལྡིང་བྱེད།

    ཁེར་རྐྱང་གི་གཞུང་ལམ་ཁ་རོག་གེ།

    མུན་ནག་གི་ཁྲོམ་སྲང་སྟོང་ལྷང་ངེ་། 


    ཁྱི་སྨྱོན་གྱིས་གང་ས་ནས་རྨུག་སྐད་རེ་སྒྲོག་དུས། 

    ལྷིང་འཇགས་ཀྱི་འཇིག་རྟེན་ཤ་འཐོར་རུས་འཐོར་དུ་བཏང་བས། 

    ད་གཟོད། 

    ཉི་ཟླའི་དཀྱིལ་འཁོར་དང་སྐར་ཚོགས་ཀྱི་གུར་ཁང་བོར་བའི་མུན་པའི་ཁུང་བུ་དྲན།

    སྒེའུ་ཁུང་གྲུ་བཞི་ནས་རླུང་བུའི་འུར་སྒྲ་དང་ཆར་པའི་ཤག་སྒྲ་གྲང་མོ་དྲན།

    ཁྱི་སྤྱང་གི་ངུ་ཟུག་གཟན་པོ་དྲན།

    གོས་དཀར་གྱི་ལས་མཁན་ལྷ་རྗེ་དྲན།

    རི་བོང་ཅལ་འདྲོགས་དྲན།

    དགོ་བ་གློ་འདྲོགས་དྲན། 

    མིག་ཟུང་དུར་ས་ལ་ཅེར་བའི་སྐྱེ་བོ་མང་པོ་དྲན།

    དུར་ཁུང་ནས་ཕྱིར་མིག་འཕེན་པའི་རྣམ་ཤེས་ཇི་སྙེད་དྲན།


    སྡོང་ལོ་ཞིག་ས་ནས་སྒྲུག་སྟེ། 

    མགོ་བོ་གནམ་ལ་གཏད་དུས། 

    གསེར་མདོག་གི་སྟོན་ཁ་དེ་མཐོང་བྱུང་།

    དྭངས་གསལ་གྱི་ཨ་སྔོན་དང་སྤྲིན་དཀར་མཇལ་བྱུང་། 


    དེ་མུར། ན་ནིང་གི་སྟོན་ཁ་ནག་པོ་དེ་དྲན།

    དྲན་མི་འོས་པའི་ན་ནིང་གི་སྟོན་ཁ།

    དྲན་མི་འདོད་པའི་ན་ནིང་གི་སྟོན་ཁ། 

    དྲན་མི་བཟོད་པའི་ན་ནིང་གི་སྟོན་ཁ་ཨང་།  

    ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན། 


    རྩོམ་པ་པོ། བཀྲ་ཤིས་ཉི་མ། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་མ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།