ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་སློབ་གསོར་དམ་འཛིན་ནན་པོ་བྱས་ནས་གཞོན་ནུ་ལོ་ཆུང་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་ཁྲིད་སྟོན་བྱས་པ།
སློབ་མ་འཚར་ལོངས་ཡོང་བའི་ལམ་སྟོན་པ་ཡག་པོ་ཞིག་བྱེད་པ།
དུས་ཡུན་རིང་པོའི་ནང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་སློབ་གསོའི་རྩ་བའི་ལས་འགན་ལ་བརྩི་བ་དང་། སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་སློབ་གསོའི་ལས་དོན་གྱི་ལྟེ་བར་བརྩིས་ཏེ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་བས། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཞུགས་ཚད་དང་། སྲ་བརྟན་ཡོང་ཚད། དབང་སྐྱོན་བྱིས་པ་སློབ་གྲྭར་ཞུགས་ཚད། མཉམ་ཁྲིད་བུ་ཕྲུག་སློབ་གྲྭར་བཀོད་སྒྲིག་བྱེད་ཚད་བཅས་ཚང་མ་100%ཟིན་པ་དང་སློབ་གྲྭར་འགྲོ་མཚམས་མ་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་ཡག་པོ་ཐུབ་ཏེ་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།
སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
2020ལོར། རྔ་སྒྲ་ཆ་ཚང་སློབ་ཆུང་ལྷོ་ཁ་གྲོང་ཁྱེར་གྱི“གྲངས་འཛིན་ཅན་གྱི་སློབ་རའི”ཚོད་ལྟའི་སློབ་གྲྭ་ཁག་དང་པོར་བསྐྲུན་ནས་སྤུས་ལེགས་འབེབས་གཏོང་ཁང་དང་། སློབ་གྲྭའི་རླུང་འཕྲིན་བརྙན་འཕྲིན་ཁང་། གློག་རྡུལ་དེབ་ཁང་བཅས་བཙུགས་པ་དང་། སློབ་ཁང་དུ་གློག་རྡུལ་དཀར་པང་གཅིག་གྱུར་སྒྲིག་སྦྱོར་གྱིས་དྲ་སྦྲེལ་འཛིན་གྲྭ་དང་ཐོན་ཁུངས་སྤུས་ལེགས་འཛིན་གྲྭ་ཚང་མར་ཤར་གཏོང་ཐུབ་ནས་སྡེབ་གཅིག་ལ་སྲོལ་རྒྱུན་གྱི་སློབ་གསོའི་བྱ་ཐབས་ལ་འགྱུར་ལྡོག་བྱུང་ཡོད། “སློབ་མ་ཚོ་བྱ་དངོས་གསར་པ་དང་ལེན་བྱེད་ནུས་ཆེ་བས་ཁོ་ཚོས་ད་ལྟའི་གློག་རྡུལ་དཀར་པང་གི་སློབ་ཁྲིད་བྱེད་སྟངས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་སློབ་གྲྭའི་རྩིས་རིག་དགེ་རྒན་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་འགན་འཁུར་བ་བྱམས་པ་བསྟན་འཛིན་གྱིས་བརྗོད།
གསར་འགོད་པར་གྲ་ནང་རྫོང་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་གྲ་ནང་རྫོང་གིས་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གཉེར་གྱི་མཁྲེགས་ཆས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། འདི་ལོའི་ལོ་སྟོད་དུ། གྲ་ནང་རྫོང་གི་སློབ་གསོའི་ཁོངས་གཏོགས་ལ་མ་དངུལ་སྒོར་དུང་ཕྱུར་2.78དམིགས་སར་འབྱོར་ནས་རྔ་སྒྲ་ཤང་སློབ་ཆུང་དང་། གསུམ་འགག་གྲོང་ཚོའི་བུ་བཅོལ་ཁང་། མཉན་མགོ་གྲོང་ཚོའི་བུ་བཅོལ་ཁང་བཅས་གསར་པ་བསྐྲུན་པ་དང་། བསམ་ཡས་ཆ་ཚང་སློབ་ཆུང་གི་དགེ་རྒན་དང་ལས་བཟོའི་ཉལ་ཁང་འཛུགས་སྐྲུན་རྣམ་གྲངས་80%ཡན་བསྐྲུན་པ། གཅིག་སྒྲིལ་གྲོང་ཚོའི་བུ་བཅོལ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་དང་རྔ་སྒྲ་ཤང་བུ་བཅོལ་ཁང་སྐྲུན་འགོ་ཚུགས་པ་བཅས་ལས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།
སློབ་གསོ་སྒྱུར་བཅོས་གཏིང་ཟབ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་བ།
སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ནི་སློབ་གྲྭའི་འཚོ་གནས་དང་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་ཞིང་། གྲ་ནང་རྫོང་སློབ་འབྲིང་གིས་སློབ་དུས་རེར་སློབ་དཔྱོད་ཚོགས་ཆུང་གིས་སློབ་ཚན་ཉན་པ་དང་དཔྱད་བསྡུར་བྱེད་པ་དང་། སློབ་སྟོན་ཁྲུའུ་ཡི་ཚད་ལོན་ཞིབ་བཤེར་རྩིས་ལེན་གྱི་སློབ་ཚན་དང་སློབ་གྲྭ་ཡོངས་ཀྱི་སློབ་ཁྲིད་མཁས་པའི་འགྲན་བསྡུར་སོགས་རྒྱུན་གཏན་གྱི་སློབ་དཔྱོད་བྱེད་སྒོ་སྤེལ་གྱི་ཡོད། དེ་དང་དུས་མཚུངས“ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པའི”སློབ་གསོའི་ཞིབ་འཇུག་བྱེད་སྒོ་ཧུར་ཐག་སྤེལ་ནས་སྤུན་ཟླའི་སློབ་གྲྭ་དང་མཉམ་དུ་ཡུག་སྦྲེལ་སློབ་དཔྱོད་བྱས་ཡོད་པ་རེད།
སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད། ད་དུང་སློབ་གྲྭས་སློབ་དཔྱོད་ཚན་ཁག་སོ་སོས་སློབ་ཁྲིད་ཞིབ་འཇུག་ཧུར་ཐག་བྱེད་པར་སྐུལ་མ་བཏང་ཡོད། གྲ་ནང་རྫོང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་དཀོན་མཆོག་སྒྲོལ་མས“དགེ་རྒན་གྱི་ལས་རིགས་ནི་ཧ་ཅང་གཟི་བརྗིད་ལྡན་པ་དང་དུས་མཚུངས་འགན་འཁྲི་ལྕི་པོ་ཡོད། ཕྲུ་གུ་ཚོར་གྲུབ་འབྲས་ཡག་པོ་འཐོབ་ཆེད་ང་ཚོའི་དགེ་རྒན་གྱིས་སློབ་ཕྲུག་ཚང་མ་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བརྩིས་ནས་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད”ཅེས་བརྗོད།
“སློབ་གསོ་ལྔ”གལ་ཆེ་མཉམ་འཛིན་དོན་འཁྱོལ་གྱིས་སྤྱོད་བཟང་ལ་བརྟེན་ནས་མི་མཐའ་འཁྱོངས་བསྐྱངས་པ།
ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་མངོན་འགྱུར་བྱ་ཆེད། གྲ་ནང་རྫོང་གི་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)ཁག་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་། རྒྱལ་དར་འོག་གི་གཏམ་བཤད། རིག་རྩལ་འཁྲབ་སྟོན། གཏམ་བཤད་འགྲན་བསྡུར། གསར་བརྗེའི་གླུ་གཞས་འགྲན་བསྡུར། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད་པ་རེད།
བསམ་ཡས་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་སྤྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་སློབ་གསོའི་ནང་དོན་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང་། ནག་པང་ཚགས་པར། རྒྱལ་དར་འོག་གི་གཏམ་བཤད། འཛིན་ཚོགས། ཀུན་སྤྱོད་སློབ་ཚན། ཆབ་སྲིད་སློབ་ཚན་སོགས་ཀྱི་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་ཡོད་པ་རེད།
གྲ་ནང་རྫོང་སློབ་འབྲིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“12345ཡི་ལས་ཀའི་བྱ་ཐབས”ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་མའི་ཀློག་དེབ》དང་། 《ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ》《ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ》《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་མའི་ཀློག་དེབ》བཅས་སློབ་ཚན་འཛུགས་སྐྱོང་དང་། བསླབ་གཞི་འཛུགས་སྐྱོང་། སློབ་ཁྲིད་སྒྱུར་བཅོས་བཅས་སུ་བཅུག་སྟེ་སློབ་ཡུན(སྐར་འགོད)ཀྱི་བླང་བྱ་དང་རྒྱུགས་ཤོག་གི་སྐར་མའི་བསྡུར་ཚད་ལག་ལེན་བསྟར་ཡོད། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཁྲིད་སྟོན་དུ་བྱས་ནས་གཞོན་ནུ་ལོ་ཆུང་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་ཁྲིད་སྟོན་གྱིས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་འཆང་བ། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཡོད། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”པའི་སྒྲོག་འགྲེལ་དང་། “བྱིས་པའི་སེམས་པ་ཏང་ལ་ཕྱོགས་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཀློག་པའི”འགྲན་བསྡུར། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ཡོད་པ་རེད།
གསར་འགོད་པའི་ཟིན་བྲིས།
སྤྱོད་བཟང་ལ་བརྟེན་ནས་མི་བསྐྱངས་ཏེ་སློབ་གསོའི་བླ་སྲོག་གཏོད་པ།
སློབ་གསོ་ནི་རྒྱལ་འཛུགས་ཀྱི་རྩ་བ་དང་། རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་རེད།
གྲ་ནང་རྫོང་གི་སློབ་གྲྭ་ཁག་ཏུ་བཅར་འདྲི་བྱེད་སྐབས། གསར་འགོད་པར་ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་དང་། སྦྱངས་འབྲས་ཡག་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། དགེ་རྒན་གྱིས་གནས་གཅེས་ལས་བཀུར་དང་ཧུར་ཐག་འབད་ཐག་གིས་འགན་འཁྲི་དང་གཅེས་སེམས་བཅངས་ནས་མ་འོངས་མེས་རྒྱལ་གྱི་བདག་པོ་གསོ་སྐྱོང་བྱེད་པ། སློབ་གྲྭར་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཐུབ་ནས་ཞི་མཐུན་མཉམ་གནས་དང་ཕན་ཚུན་རོགས་རེས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོན་དང་ཐོན་བཞིན་པ་མཐོང་བྱུང་།
ཀུན་སྤྱོད་ལ་བརྟེན་ནས་མི་བསྐྱངས་ཏེ་སློབ་གསོའི་བླ་སྲོག་གཏོད་པ་ནི་སློབ་གསོས་ངེས་པར་དུ་སྒྲུབ་དགོས་པའི་འགན་འཁྲི་ཞིག་རེད། “ཀུན་སྤྱོད་ལེགས་སྐྱོང”ནི་བླ་ན་མེད་པའི་བསམ་བློ་ཀུན་སྤྱོད་གསོ་སྐྱོང་བྱེད་པ་དང་། “མི་སྐྱོང་བ”ནི་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་འདི་རེད། སློབ་གྲྭ་ཞིག་ཡག་པོ་གཉེར་ཐུབ་མིན་གྱི་ཆེས་རྩ་བར་གྱུར་པའི་ཚད་གཞི་ནི་ཡོན་ཏན་ཅན་གང་འདྲ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་ལ་ལྟ་དགོས། སློབ་གྲྭའི་སློབ་གསོས་སློབ་མའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་ཤུགས་སྣོན་དང་། སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བར་ཤུགས་སྣོན། སློབ་མར་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བའི་སློབ་གསོ་ཁྲིད་སྟོན། སློབ་མའི་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་འབད་བརྩོན། སློབ་མས་རང་ངོས་དང་བྱ་བ་ཆུང་ངུ་ནས་འགོ་རྩོམ་པ། རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་ཀུན་སྤྱོད་ལེགས་སུ་བཏང་ནས་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད། གྲ་ནང་རྫོང་གི་སློབ་གསོར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དཔེ་སྟོན་ཞིག་ཏུ་གྱུར་ཡོད། ཕྲུ་གུ་ཚང་མ་ཁོར་ཡུག་འདི་འདྲར་འཚར་ལོངས་བྱུང་ནས་ཤེས་ལྡན་པར་འགྱུར་བར་སྙིང་ཐག་པ་ནས་རེ་བ་བྱེད་བཞིན་ཡོད།