དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་མི་རིགས་སློབ་ཆེན་གྱིས“གྲངས་གཞི་བརྒྱུད་བསྐུར”བྱས་ནས་ལས་ཞུགས་ལ་ཞབས་ འདེགས་ཧུར་ཐག་ཞུས་པ།

    “རིག་ལྡན་ལས་ཞུགས”ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-05

    ལས་ཞུགས་ནི་དམངས་འཚོའི་དོན་དག་ཆེ་ཤོས་དེ་ཡིན་ཞིང་། ལས་ཞུགས་ཀྱི་རྒྱབ་ཏུ་བདེ་སྡོད་ལས་བརྩོན་བྱེད་འདོད་པའི་ཁྱིམ་ཚང་མང་པོ་དང་། འབད་འཐབ་བརྒྱུད་ཕུགས་འདུན་མངོན་འགྱུར་བྱེད་འདོད་པའི་འབད་འཐབ་པ་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས“གྲངས་གཞི་བརྒྱུད་བསྐུར”བྱས་ནས་ལས་ཞུགས་ལ་ཞབས་འདེགས་ཞུ་བ་དང་། གྲངས་གཞི་མཚམས་སྦྱོར་དུ་བྱས་ནས་ལས་ཞུགས་ཆ་འཕྲིན་གནད་སྨིན་མཁོ་འདོན་བྱས་ཏེ། གྲངས་གཞིར་བརྟེན་ནས་རིག་ཚན་གྱི་ཆེད་ལས་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང“རིག་ནུས་ལས་ཞུགས”ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་ཆེད་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད།

    རང་གི་ལོ་རྒྱུས་མདོར་བསྡུས་བཟོས་ནས་རིག་ནུས་ལ་བརྟེན་ནས་གནད་དུ་སྨིན་པའི་ངང་ལས་ཞུགས་ཐུབ་པར་མཛུབ་ཁྲིད་བྱས་པ།

    བོད་ལྗོངས་མི་རིགས་སློབ་ཆེན་སློབ་བསྡུ་ལས་ཞུགས་ལས་དོན་ཁྲུའི་ཁྲུའུ་ཀྲང་པའེ་ཧུའེ་ཅོན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་ཐོན་སློབ་མར“སློབ་མ་གཅིག་ལ་ཡིག་ཚགས་གཅིག”དང“སློབ་མ་གཅིག་ལ་སྲིད་ཇུས་གཅིག”གི་ལས་ཞུགས་ཞབས་ཞུའི་བྱ་ཐབས་ལག་བསྟར་བྱས་ནས། སློབ་གྲྭ་ཆེ་མོ་བ་སློབ་ཆེན་ལོ་རིམ་བཞི་པར་སླེབས་མ་ཐག་སློབ་གླིང་ཁག་གི་ལས་ཞུགས་འབྲེལ་གཏུག་མི་སྣ་དང་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གྲྭ་ཆེ་མོ་བ་ཚོར་རང་ངོས་ཁྱད་ཆོས་ལྡན་པའི“ལས་ཞུགས་གློག་རྡུལ་ཡིག་ཚགས”རེ་བཟོས་ཡོད། དེའི་ནང་མི་སྒེར་གྱི་གནས་ཚུལ་དང་། ལས་ཞུགས་འདོད་འདུན། རོགས་སྐྱོར་བྱ་ཐབས། ལས་འཚོལ་བརྒྱུད་རིམ་སོགས་ཀྱི་རྣམ་གྲངས་ཚུད་ཡོད། བྱ་ཐབས་དེས་སློབ་མར་རིག་ནུས་ཅན་དང་གནད་སྨིན་ཅན་གྱི་ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་འདེགས་ཞུ་གི་ཡོད། དེའི་རྨང་གཞིའི་ཐོག་ད་དུང་སློབ་གྲྭས“ལས་ཞུགས་འོས་སྦྱོར་རེའུ་མིག་རང་འགུལ་ངང་གྲུབ་པ”དང“ལས་འཚོལ་ལོ་རྒྱུས་མདོར་བསྡུས་བཟོ་བ”སོགས་ཀྱི་ཉེར་སྤྱོད་མ་ལག་གསར་སྤེལ་བྱས་ནས། ལས་འཚོལ་སློབ་གསོའི་དྲ་ཐོག་སློབ་ཚན་མཁོ་འདོན་བྱེད་པ་དང་། “ཕྱོགས་གསུམ་པའི་གྲོས་མཐུན་ལ་དྲ་ཐོག་ནས་མིང་རྟགས་འགོད་པར”སྐུལ་འདེད་བཏང་སྟེ“གྲངས་གཞི་བརྒྱུད་བསྐུར་མང་ཙམ་བྱས་པ་བརྒྱུད་སློབ་ཐོན་སློབ་མ་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པ”དངོས་འབྲེལ་མངོན་འགྱུར་ཐུབ་ཡོད།

    ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་མི་རིགས་སློབ་ཆེན་དུ་2022ལོའི་སློབ་ཐོན་སློབ་མ་ཁྱོན་2537ཟིན་པའི་ནང་། དངོས་གཞིའི་ཚན་ཁག་གི་སློབ་མ་2280ཡོད་པ་དེས་སློབ་ཐོན་སློབ་མའི་མི་འབོར་གྱི་89.87%བཟུང་བ་དང་། ཞིབ་འཇུག་སློབ་མ་256ཡོད་པ་དེས་སློབ་ཐོན་སློབ་མའི་མི་འབོར་གྱི་10.09%བཟུང་ཡོད། སློབ་གྲྭ་དེའི་2022ལོའི་སློབ་ཐོན་སློབ་མའི་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་89.48%ཟིན་པའི་ནང་། ཆེད་ལས་ཚན་ཁག་གི་སློབ་ཐོན་སློབ་མའི་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་100.00%དང་། དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མའི་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་89.34% ཞིབ་འཇུག་སློབ་མའི་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་90.63%བཅས་ཟིན་ཡོད།

    པའེ་ཧུའེ་ཅོན་གྱིས་ངོ་སྤྲོད་བྱས་དོན། སློབ་གྲྭའི་སློབ་མའི་ལས་ཞུགས་ཀྱི་གནད་སྨིན་འཆར་འགོད་ལས་དོན་མ་ལག་ལས་ཕན་པ་ཐོབ་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། ཁེ་ལས་ཀྱི་དགོས་མཁོ་དང་ཤེས་ལྡན་མི་སྣའི་མཁོ་སྤྲོད་ཆ་འཕྲིན་དོ་མི་མཉམ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སློབ་གྲྭས་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད། སློབ་བསྡུ་དང་ལས་ཞུགས་གནས་སྐབས་མཚམས་འཇོག་ཚད་དམའ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་འདང་ངེས་ཡོད་པའི་ཆེད་ལས་14ཡོད་པ་དང་། ལས་ཞུགས་མང་དུ་འགྲོ་བའི་མདུན་ལམ་ཅུང་ཡག་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཆེ་བའི་ལྗོངས་ནང་ཁུལ་གྱི་གཙོ་གནད་དངོས་གཞིའི་ཚན་ཁག་གི་ཆེད་ལས་12ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དཀོན་པ་དང་ཁྲོམ་རའི་དགོས་མཁོ་ཆེ་བའི་ཆེད་ལས་2དང་ཁ་ཕྱོགས་8མང་དུ་ཕྱིན་པ་བཅས་ལས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱས་ནས“ཕྱིར་བསྐྱོད་པ”དེ་ལས་ཞུགས་ཀྱི་འཕར་གཞི་གསར་པར་གྱུར་པ།

    “2023ལོའི་སློབ་ཐོན་སློབ་མའི་ཁྲོད་སློབ་མ་80%ཙམ་གྱི་ལས་ཀའི་ཚན་པ་གཏན་འཁེལ་བྱུང་ཞིང་། མིག་སྔའི་བར། སློབ་གྲྭ་དེའི་2023ལོའི་སློབ་ཐོན་སློབ་མ་བོད་དང་གཞི་རིམ་དུ་ལས་ཞུགས་ཐུབ་ཚད་ལོ་གོང་མའི་དུས་མཚུངས་ལས་བརྟན་འཕར་བྱུང་ནས། ཁེ་ལས་སུ་ལས་ཞུགས་ཐུབ་ཚད་རྒྱུན་མཐུད་མང་དུ་ཕྱིན་པ་དང་། ལྗོངས་ཕྱི་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་ལས་ཞུགས་ཐུབ་པའི་མི་གྲངས་ལོ་རེ་བཞིན་མང་དུ་ཕྱིན་ཏེ་ལས་ཞུགས་ཀྱི་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད”ཅེས་པའེ་ཧུའེ་ཅོན་གྱིས་བཤད།

    སློབ་གྲྭས་བཟོས་ཤིང་ལག་བསྟར་བྱས་པའི་ཁེ་ལས་ལ་བློ་འདྲི་བྱས་ཏེ་ལས་གནས་མང་དུ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དེ་དག་ལས་ཕན་པ་ཐོབ་པ་ཞིག་ཡིན་ཞིང་། མིག་སྔའི་བར་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཁེ་ལས་96ལ་བློ་འདྲི་བྱས་ནས་ལས་གནས་1022མང་དུ་བཏང་ཡོད། སློབ་གླིང་ཁག་གི་འགོ་ཁྲིད་ཚན་ཁག་དང་། རིག་ཚན་གྱི་འགན་འཁུར་བ། ཆེད་བསྐོས་དགེ་རྒན་བཅས་ཀྱིས་རིམ་རྩིས་བྱས་ན་ཁེ་ལས་93ལ་བློ་འདྲི་བྱས་ནས་ལས་གནས་689མང་དུ་བཏང་ཡོད།

    ལྗོངས་ཕྱིར་ལས་ཞུགས་ལ་སྐྱོད་རྒྱུ་དེ་རང་ལྗོངས་ཀྱི་ལས་ཞུགས་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བའི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད། སློབ་གྲྭས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ཧྲའན་ཤིས་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་ལ་བརྟེན་ནས། སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཀ་བྱས་ནས་སྡོད་རྒྱུར་སྐུལ་ལྕག་བྱས་ཡོད།

    འདི་ལོ་ལོ་23ལ་སླེབས་པའི་བློ་བཟང་རྒྱ་མཚོ་ནི་2022ལོར་བོད་ལྗོངས་མི་རིགས་སློབ་ཆེན་ཐོན་རྗེས་སློབ་གྲྭར་ཟུར་ཁྲིད་དགེ་རྒན་ཞིག་བྱས་ནས་སྡོད་རྒྱུའི་གདམ་ག་བྱས་ཤིང་། ཁོང་གི་ངོས་ནས་བརྗོད་ན་ཆབ་མདོ་དང་ཞན་དབྱང་གཉིས་ཀ་རང་གི་ཕ་ཡུལ་དང་ཁྱད་མེད། ཁོང་གིས“ང་ཞན་དབྱང་དུ་ཡོད་པའི་མ་ཡུམ་སློབ་གྲྭར་སྡོད་འདོད་ཡོད་ལ། རང་གི་མྱོང་བ་བརྒྱུད་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་དེ་བས་མང་བ་ལྗོངས་ཕྱིར་ལས་ཀ་བྱེད་པར་སྐུལ་ལྕག་ཀྱང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སློབ་གྲྭས་ང་ལ་ལས་སྟེགས་ཡག་པོ་འདི་འདྲ་ཞིག་མཁོ་འདོན་བྱས་ནས། རང་ཉིད་མགྱོགས་མྱུར་འཚར་ལོངས་ཡོང་བའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ལས་གནས་སུ་ཞུགས་མ་ཐག་པའི་དགེ་རྒན་ཞིག་གི་ངོས་ནས། ངས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་གཏིང་ཟབ་ཚོར་བྱུང་ལ། ཕུལ་བྱུང་གི་མི་དམངས་དགེ་རྒན་ཞིག་གི་ངོས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད། བློ་བཟང་རྒྱ་མཚོ་དང་འདྲ་བར་བློ་གྲོས་ཀྱང་བོད་ལྗོངས་མི་རིགས་སློབ་ཆེན་ཐོན་རྗེས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། ལྗོངས་ཕྱིའི་ལས་ཞུགས་ལས་གནས་སུ་མིང་འགོད་རྒྱུགས་སྤྲོད་བྱེད་པའི་ཐག་བཅད་པ་དང་འབྲེལ། རེ་འདོད་ལྟར་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་པ་དང་། མིག་སྔར་ཞན་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཝུའེ་གྲོང་ཡན་ལག་ཅུས་སུ་ལས་ཀ་བྱེད་བཞིན་ཡོད། བློ་གྲོས་ཀྱིས“ངས་ཞན་དབྱང་ལ་བརྩེ་སེམས་ཆེན་པོ་འཆང་བཞིན་ཡོད་ལ། ནང་མིས་ཀྱང་ངའི་གདམ་གར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ཝུའེ་གྲོང་ཡན་ལག་ཅུས་སུ་ལས་ཀ་བྱས་ནས་ལོ་5སོང་རིང་། ཉིན་ལྟར་རྩོད་གཞི་འདུམ་འགྲིག་དང་གྱོད་གཞི་ཐག་གཅོད་ཀྱི་ལས་ལ་བྲེལ་བ་བརྒྱུད། ངའི་ལས་སྒོའི་འཇོན་ཐང་མགྱོགས་མྱུར་ཆེ་རུ་ཕྱིན་སོང་ལ། འབྱུང་འགྱུར་ལའང་རེ་སྒུག་ཆེན་པོ་ཡོད”ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།