བོད་དུ་བྱིས་པའི་ལྷན་སྐྱེས་སྙིང་ནད་ཆེད་དོན་དོ་དམ་སྒྲིག་གཞི་བཙུགས་པ།
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་བྱིས་པའི་ལྷན་སྐྱེས་སྙིང་ནད་ཆེད་དོན་དོ་དམ་གཞུང་ལས་ཁང་གིས“ནད་པ་གཅིག་ཀྱང་མ་ལུས་པར་སྨན་བཅོས་བྱེད་པའི”སྤྱིའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་ལོ་18མན་གྱི་སྨན་བཅོས་བྱེད་དགོས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚང་མར་བརྟག་དཔྱད་བྱས་ནས་སྨན་རིན་མི་དགོས་པར་སྨན་བཅོས་དང་། ལྗོངས་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཆེད་ལས་ཅན་གྱི་སྤྱི་འདོམས་དང་དོ་དམ། ལྗོངས་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་ཀྱི་གཤགས་བཅོས་དང་སྨན་བཅོས་བྱེད་མཁན་ལས་ཁུངས་དང་སྨན་པར་གསོ་སྦྱོང་དང་། རྒྱུན་མཐུད་སློབ་གསོ། འོས་ཐོབ་ངོས་འཛིན། སྒྲིག་འགལ་གོང་ཞུ་བཅས་བྱེད་པ། དེ་བཞིན་ཚན་ཞིབ་དང་རིག་གཞུང་སྤེལ་རེས་བྱས་ནས་ཆ་འཕྲིན་གྲངས་འཛིན་མཛོད་ཀྱི་ལས་སྟེགས་འཛུགས་པ་སོགས་བྱས་ཏེ། སྲིད་གཞུང་སྡེ་ཚན་ལ་བྱིས་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ཀྱི་གྲངས་གཞི་དང་སྲིད་ཇུས་དཔྱད་གཞི་དུས་ཐོག་ཏུ་གོང་ཞུ་བྱེད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་ཆེད་དོན་དོ་དམ་སྒྲིག་གཞི་འདི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བཙུགས་ཡོད་ཅིང་། ཀྲུང་དབྱང་རྩ་འཛུགས་པུའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཆེད་ལས་མཁས་ཅན་ཧུའུ་ཧའེ་པོ་སོགས་ཀྱིས་ལག་རྩལ་སློབ་ཀྱི་ཡོད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྙིང་དང་ཁོག་པའི་ཕྱི་ནད་ཚན་ཁག་དང་། སྙིང་ནད་ཚན་ཁག བྱིས་པའི་ཚན་ཁག སྒྲ་འདས་ཚན་ཁག འདྲེན་སྦུག་ཁང་སོགས་ས་གནས་དེ་གའི་སྨན་དོན་པ་ལས་གྲུབ་པའི་ལྷན་སྐྱེས་སྙིང་ནད་ཀྱི་རིག་ཚན་མང་པོའི་སྐྱོབ་བཅོས་ཆེད་ལས་ཚོགས་པ་བཙུགས་ཏེ། བོད་ལ་གཞིས་ཆགས་ཐུབ་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ཆེད་ལས་ལག་རྩལ་གྱི་ཚོགས་པ་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད།