དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བསྐྱར་སྦྱོང་སློབ་ཚན་གྱི་ཐབས་ལམ་རགས་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    དེ་ཡང་སློབ་དཔོན་མགོན་པོ་ཀླུ་སྒྲུབ་མཆོག་གིས“རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི།། ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགསཞེས་དང་། མཁས་པའི་གསུང་ཚིག་ཏུཡང་སྐོར་བསྐྱར་སྐོར་བྱ་རྒྱུ་ནི་སློབ་སྦྱོང་གི་རྩ་བ་ཡིནཞེས་སོགས་གསུངས་པ་ལྟར། སྔོན་ལ་སྦྱངས་ཟིན་པའི་ཤེས་བྱ་རྣམས་འགོ་ནས་མཇུག་བར་བསྐྱར་སྦྱོང་ཡག་པོ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་གྱི་གོ་རིམ་ཞིག་ཡིན་ལ། སློབ་ཁྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་འགག་རྩའི་གནད་དོན་ཞིག་ཀྱང་ཡིན། སྤུས་ཚད་ལེགས་པའི་བསྐྱར་སྦྱོང་སློབ་ཚན་ཞིག་མ་བྱུང་ཚེ་སློབ་མའི་རྒྱུད་ལ་འདི་ལྟར་བསམ་ངེས་ཏེ། བསྐྱར་སྦྱོང་གི་ནང་དོན་རྣམས་ནི་སྔོན་གྱི་ལོ་གཅིག་གཉིས་ཀྱི་གོང་ནས་སྦྱངས་ཟིན་པས་ཉན་དང་མ་ཉན་ལ་ཁྱད་མེད་པ་དང་། བསྐྱར་སྦྱོང་བྱེད་པའི་སེམས་ཤུགས་དང་ཀུན་སློང་དེ་ཡང་མེད་པར་གྱུར་བའི་མཇུག་འབྲས་ངན་པ་ཞིག་འཐོན་ངེས། དེར་བརྟེན་ཇི་ལྟར་བྱས་ན་ད་གཟོད་བསྐྱར་སྦྱོང་གི་སློབ་ཚན་ཡག་པོ་ཞིག་འཚོག་རྒྱུ་ནི་ང་ཚོ་དགེ་རྒན་རྣམས་པས་ཐུན་མོང་ཐོག་བགྲོ་གླེང་བྱ་ཡུལ་གྱི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། གཤམ་དུ་གུས་པས་ཇི་ལྟར་བྱས་ཏེ་བསྐྱར་སྦྱོང་སློབ་ཚན་ལེགས་པོ་ཞིག་འཚོགས་དགོས་པའི་བསམ་ཚུལ་ཕྲན་ཙམ་ཞུ་བར་བྱ།

    དང་པོ། སློབ་མ་གཙོར་བཟུང་ནས་རང་འགུལ་ནུས་པ་འདོན་སྤེལ་བྱ་དགོས་པ།

    བསྐྱར་སྦྱོང་གི་སློབ་ཚན་ཚོགས་པའི་བརྒྱུད་རིམ་ནང་དུ་རང་འགུལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས་སློབ་མ་རྣམས་ཧུར་བརྩོན་ཆེན་པོས་བསྐྱར་སྦྱོང་གི་བརྒྱུད་རིམ་ནང་དུ་ཞུགས་དགོས་པ་མ་ཟད། སློབ་མ་སོ་སོས་ཤེས་བྱ་ཕྱོགས་བསྡོམས་དང་ལེགས་བསྒྲིགས་བྱ་དགོས་པ་ལས། དགེ་རྒན་གྱིས་སློབ་མའི་ཚབ་བྱས་ཏེ་ཤེས་བྱ་ཕྱོགས་བསྒྲིགས་བྱ་རྒྱུ་མེད། གང་ལགས་ཤེ་ན། དགེ་རྒན་གྱིས་སློབ་མའི་ཚབ་ཏུ་ཤེས་བྱ་ཕྱོགས་བསྒྲིགས་བྱས་ཚེ་སློབ་མའི་བསམ་གཞིག་གི་གོ་སྐབས་ཤོར་བ་ཙམ་མ་ཟད། བསྐྱར་སྦྱོང་གི་ནང་དོན་དང་ཤེས་བྱ་རྣམས་ལ་བག་ཆགས་གཏིང་ཟབ་ཅིག་འཇོག་མི་ཐུབ། ཡང་བསྐྱར་སྦྱོང་བྱེད་པ་དེ་ཡང་སྤུས་ལེགས་ཀྱི་གློག་བརྙན་འཁྲབ་པའི་བརྒྱུད་རིམ་ཞིག་དང་འདྲ་བས། བརྒྱུད་རིམ་འདིའི་ནང་དུ་སློབ་མ་ནི་གཙོ་འཁྲབ་པ་དང་། སློབ་དེབ་ནི་འཁྲབ་གཞུང་། དགེ་རྒན་ནི་འཁྲབ་ཁྲིད་པ་ལྟ་བུ་ཡིན་ཏེ། འཁྲབ་ཁྲིད་པས་རྒྱབ་ཕྱོགས་ནས་རོགས་རམ་དང་མཛུབ་སྟོན་བྱེད་པ་ལས་དགེ་རྒན་གྱི་འཆད་ཁྲིད་ཀྱིས་སློབ་མའི་སློབ་སྦྱོང་དང་བསམ་གཞིག་གི་ཚབ་བྱེད་རྒྱུ་མེད། དགེ་རྒན་གྱིས་བསྐྱར་སྦྱོང་གི་བརྒྱུད་རིམ་ནང་དུ་སློབ་མ་སོ་སོས་ཤེས་བྱ་ལེགས་བསྒྲིགས་དང་། སློབ་མ་སོ་སོས་དེའི་ཆོས་ཉིད་འཚོལ་ཞིབ་བྱ་རྒྱུ། སློབ་མ་སོ་སོས་འགྲིག་མིན་བརྡར་ཤ་གཅོད་རྒྱུ་བཅས་སློབ་མའི་སློབ་སྦྱོང་གི་རང་འགུལ་ནུས་པ་དང་། དེའི་ཧུར་བརྩོན་རང་བཞིན་སྔོག་འདོན་ལེགས་པོ་བྱ་ཐུབ་པ་དགོས།

    གཉིས་པ། བསྐྱར་སྦྱོང་གི་ནང་དོན་རྣམས་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་སློབ་མའི་རྒྱུད་ལ་འཇགས་པ་བྱ་དགོས།

    ནམ་རྒྱུན་དགེ་རྒན་རྣམས་པས་བསྐྱར་སྦྱོང་སློབ་ཚན་འཚོགས་པའི་དུས་སུ་མང་ཆེ་བ་བློ་འཛིན་སྐྱོར་སྦྱངས་ཁོ་ནའི་ཐབས་ལམ་ལ་བརྟེན་ནས་སློབ་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་དེ་ལྟ་བུའི་ཐབས་ཤེས་གཅིག་ཁོ་ནས་དམིགས་བསལ་གྱི་གྲུབ་འབྲས་དང་བསྐྱར་སྦྱོང་གི་ནུས་པ་ཐོན་དཀའ་བས་ང་ཚོས་བསྐྱར་སྦྱོང་སློབ་ཚན་འཚོགས་སྐབས་ཐབས་སྣ་ཚོགས་བེད་སྤྱོད་ཐུབ་པ་བྱ་དགོས། 

    གཅིག སྦྱངས་ཟིན་པའི་ཤེས་བྱར་དྲན་གསོ་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས་པ། 

    སློབ་མའི་དྲན་གསོའི་ནུས་པ་ནི་སློབ་མ་ཕན་ཚུན་གྲོས་བསྡུར་དང་། ངག་ནས་བཤད་པའི་ཐོག་ནས་སྔར་སྦྱངས་ཟིན་པའི་ཤེས་བྱ་རྣམས་ཡང་བསྐྱར་བསྡུ་ལེན་དང་བསམ་བློའི་ནང་དུ་འཆར་བ་བྱ་རྒྱུ་དེ་ཡིན་ཞིང་། སློབ་དེབ་ཀྱི་དཀར་ཆག་གཞིར་བཟུང་ནས་སྡེ་ཚན་གྱི་ནང་དོན་དྲན་གསོ་བྱེད་པའི་ཐོག་ནས་ཤེས་པ་བྱ་རྒྱུ་དང་སྡེ་ཚན་དེའི་ནང་ནས་སློབ་ཚན་སོ་སོའི་གཙོ་གནད་སོགས་ཕྱིར་དྲན་གྱིས་འདོན་ཐུབ་པ་བྱ་རྒྱུ་བྱུང་ན་སློབ་མའི་ཡིད་ལ་དུས་ཡུན་ཅུང་རིང་བའི་བག་ཆགས་ཟབ་མོ་འཇོག་ཐུབ་སྙམ།

    གཉིས། རྒྱུ་མ་ཕུ་འདེད་ཀྱི་ཐབས་ལ་བརྟེན་དགོས་པ། 

    སློབ་མས་སྦྱངས་ཟིན་པའི་ཤེས་བྱ་རྣམས་ཕྱོགས་བསྡོམས་དང་བསྡུ་རུབ། ཤེས་བྱ་དང་ཤེས་བྱའི་བར་གྱི་འབྲེལ་བ་དང་ལམ་ཐིག་འཚོལ་ཞིབ་བྱ་རྒྱུར་རོགས་རམ་དང་། ཤེས་བྱའི་ངོ་བོ་མི་འདྲ་བ་སོ་སོར་དབྱེ་ནས་འགྲེལ་བཤད་བྱེད་དགོས་པ་སྟེ། དཔེར་ན། བོད་ཡིག་སློབ་ཚན་སྐབས་སུ་རྩོམ་རིག་དང་བརྡ་སྤྲོད། སྙན་ངག དེ་བཞིན་རྒྱུན་སྤྱོད་ཡི་གེའི་རིགས་སོགས་སོ་སོར་ཕྱེས་ན་འགྲིག་ལ། ཡང་ན་སློབ་དེབ་དང་སློབ་དེབ་བསྡུར་བ་བྱེད་པ། གཞན་ཡང་དེ་དག་སོ་སོའི་ནང་ངོས་ཀྱི་དབྱེ་བ་རེ་རེ་ནས་རྒྱུ་མ་ཕུ་འདེད་ཀྱི་ཐབས་ལྟ་བུའི་བསྐྱར་སྦྱོང་བྱ་རྒྱུ་བྱུང་ན་གོ་རིམ་ཆ་ཚང་བ་དང་། ཤེས་བྱ་ཆད་ལྷག་མི་ཡོང་བ། བསྐྱར་སྦྱོང་གི་ཁ་ཕྱོགས་གསལ་པོ་རྙེད་པ་སོགས་ཀྱི་དགེ་མཚན་མི་ཉུང་བ་ལྡན་པར་སེམས། 

    གསུམ། འབྲི་སྦྱོང་སྦྱོང་བརྡར་གཅིག་མཇུག་གཉིས་མཐུད་ཀྱིས་སྤེལ་དགོས་པ། 

    བསྐྱར་སྦྱོང་བྱ་རྒྱུའི་ནང་དོན་ཁྲོད་ནས་གཙོ་གནད་དང་དཀའ་གནད། དོགས་གནད་རྣམས་གསལ་པོར་བཏོན་ནས་སློབ་མས་ངག་སྐྱོར་ཁོ་ན་གཏོང་བ་མ་ཡིན་པར་ཕྱོགས་གཅིག་ནས་ངག་སྐྱོར་གཏོང་བྱའི་དོན་རྣམས་རྟོགས་དགོས་ལ་ཕྱོགས་གཞན་ཞིག་ནས་འབྲི་སྦྱོང་གི་སྦྱོང་བརྡར་ཡང་བྱེད་དགོས། བློ་འཛིན་དེ་ནི་སྤྱི་འགྲོས་དང་རྩ་ཚིག་ལ་སོགས་སྙིང་པོ་དག་དང་། འཆད་ཁྲིད་དེ་སྙིང་དོན་བསྡུ་རུབ་དང་གནད་ལ་འཕིགས་པ། འབྲི་སྦྱོང་དེ་ཡང་འདྲི་གཞི་འདོན་སྟངས་མི་འདྲ་བ་སྣ་ཚོགས་ལས་སྣ་གཅིག་ཁོ་ན་མིན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སློབ་ཚན་ཐོག་སློབ་མ་རྣམས་ལ་གོ་སྐབས་མང་ཙམ་སྤྲད་དེ་ནང་དོན་ཆ་ཚང་བ་དང་། སྦྱོང་བརྡར་གྱི་འདྲི་གཞི་དེ་རྣམས་དཔེ་མཚོན་རང་བཞིན་དང་དམིགས་ས་ཡོད་པའི་རང་བཞིན་སོགས་ལྡན་དགོས། འབྲི་སྦྱོང་སྦྱོང་བརྡར་ཐབས་ཤེས་ལེགས་ཤིང་འབྲི་སྦྱོང་གི་དུས་ཡུན་ཡང་འདང་ངེས་སྤྱད་དེ་གོ་རིམ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྦྱོང་བརྡར་བྱ་རྒྱུ་དང་ནང་དོན་ཁ་ཇེ་གསལ་ནས་ཇེ་གསལ། ཐེངས་ཁ་ཤས་ནས་ཐེངས་མང་པོའི་ཕྱོགས་སུ་གོམ་པ་སྤོ་དགོས་སོ། 

    སློབ་ཚན་རྐྱང་པའི་སྐབས་སུ་རྨང་གཞིའི་ཤེས་བྱ་གཙོར་འཛིན་པ་དང་སྡེ་ཚན་སྦྱོང་སྐབས་སུ་གཙོ་གནད་གལ་ཆེ་བར་འཛིན་པ་བཅས་བྱ་དགོས། དེ་ལྟར་དུས་ཡུན་ཅུང་ཟད་རིང་བའི་འབྲི་སྦྱོང་གི་སྦྱོང་བརྡར་བྱས་པ་བརྒྱུད་སློབ་མའི་ཡིག་རྒྱུགས་སྐབས་ཀྱི་དངངས་སྐྲག་གི་བསམ་བློ་དང་ཞེད་སྣང་སྐྱེ་བ་སོགས་སྔོན་འགོག་ཐུབ་པའི་ནུས་པ་ཐོན་པ་དང་། སྦྱོང་བརྡར་ཡུན་རིང་དང་ཐེངས་མང་བྱས་པའི་རྐྱེན་གྱིས་བསམ་བློའི་ཆུ་ཚད་མ་ཡིན་པའི་གྱོང་གུན་གྱི་སྐར་མ་ཤོར་མི་སྲིད་ཅིང་། ཡིག་རྒྱུགས་ཀྱི་སྐབས་སུ་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཁ་གཏད་གཅོག་ཐུབ་སྙམ། 

    བཞི། བསྐྱར་སྦྱོང་གི་སྤུས་ཚད་བརྟག་པའི་ཚོད་རྒྱུགས་གཏོང་བའི་ཐབས་ལ་བརྟེན་དགོས་པ། 

    སློབ་གསོ་སེམས་ཁམས་རིག་པས་སློབ་ཁྲིད་ཀྱི་གདེང་འཇོག་དང་སྤུད་ཚད་ཇི་ལྟར་བྱུང་མིན་གྱི་བསམ་འཆར་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པས། དེའི་ཐབས་ལེགས་ཤོས་ནི་ཚོད་རྒྱུགས་སྣ་ཚོགས་ལ་བརྟེན་ནས་སློབ་མའི་ཆུ་ཚད་བརྟག་དཔྱད་བྱེད་དགོས། མ་གཞི་ཡིག་རྒྱུགས་ཀྱིས་མི་དེའི་བྱང་ཚད་ཡོད་ཚད་ཐག་གཅོད་མི་ཐུབ་ཀྱང་། དེང་གི་ཆར་ཡིག་རྒྱུགས་ཀྱིས་མི་དེའི་མདུན་ལམ་ཐག་གཅོད་བྱེད་ཀྱི་ཡོད་པས་དགེ་རྒན་གྱིས་བསྐྱར་སྦྱོང་བྱེད་སྐབས་ཡིག་ཚད་ལ་དམིགས་དགོས། ཚོད་རྒྱུགས་ཀྱི་འདྲི་གཞི་འདོན་སྐབས་དགེ་རྒན་ཉིད་ཀྱིས་སློབ་དེབ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས་སློབ་དེབ་ཀྱི་གཙོ་གནད་དང་དཀའ་གནད། ལྷག་པར་དུ་ཕན་ཚུན་འཁྲུལ་བདེ་བའི་ཤེས་བྱ་གཙོ་བོར་བཟུང་སྟེ་དགེ་རྒན་རང་ཉིད་ཡིག་རྒྱུགས་ངོ་མ་འདོན་མཁན་ལ་ཆ་བཞག་ནས་དེའི་ལངས་ཕྱོགས་བཟུང་ནས་ཡིག་རྒྱུགས་སྣ་ཚོགས་འདོན་པ་དང་། སློབ་ཐོན་སློབ་མའི་ཚོད་རྒྱུགས་ཀྱི་འདྲི་གཞི་འདོན་སྐབས་ལོ་གོང་མའི་ཡིག་རྒྱུགས་ལ་ཡང་དབྱེ་ཞིབ་ལེགས་པོ་བྱས་རྗེས་དེའི་ཁྱད་ཆོས་དང་ཆོས་ཉིད་གནད་དུ་བཟུང་ནས་སློབ་མ་རྣམས་ལ་ཐེངས་མང་པོའི་སྦྱོང་བརྡར་བྱ་ཐུབ་ན་ཧ་ཅང་ལེགས་སྙམ། 

    མདོར་ན། བསྐྱར་སྦྱོང་གི་སློབ་ཚན་འཚོགས་པ་ནི་ནམ་རྒྱུན་དགེ་རྒན་མང་ཆེ་བས་དོ་སྣང་ལྷག་པོ་ཆེ་དང་དེའི་ཐབས་ཤེས་སོགས་ལ་དམིགས་བསལ་གྱི་ཞིབ་འཇུག་བྱ་བ་ཉུང་ལ་དེ་བས་སྤུས་ཚད་ལྡན་པའི་བསྐྱར་སྦྱོང་གི་སློབ་ཚན་ཞིག་ཚོགས་པར་མཛུབ་སྟོན་གྱི་རང་བཞིན་དང་། འཆར་འགོད་ཀྱི་རང་བཞིན་སོགས་དམིགས་བཀར་གྱི་ཞིབ་འཇུག་བྱ་བ་ཉུང་བས། ཁོ་བོས་འདིར་རང་ཉིད་ཀྱི་བསམ་ཚུལ་ཆུ་ཕྲན་གྱི་རྡུལ་ཟེགས་ཙམ་ཞིག་ཞུ་བ་ལ་ཁྱེད་རྣམ་པས་ཀྱང་མཁས་མཆོག་ས་པཎ་གྱིས "ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན"ཞེས་གསུངས་པ་ལྟར་བསྐྱར་སྦྱོང་སློབ་ཚན་ཁྲིད་ཐབས་ཐད་སྣང་འཇོག་དང་ཁོ་བོའི་བསམ་གཞིགས་ལ་སྐྱོན་ཆ་ཅི་མཆིས་དགོངས་འཆར་ལྷུག་བསྩོལ་ཡོང་བར་མཁྱེན། 

    སྟག་རྩེ་ཆུས་སློབ་འབྲིང་། ཚེ་རིང་བཀྲ་ཤིས

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།