དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • རང་ལྗོངས་ཀྱིས《དོ་དམ་བྱ་ཐབས》བཀྲམ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་སྐྱེས་སྲོག་ཆགས་ཚེ་ཐར་གཏོང་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-29

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་11གིས《བོད་རང་སྐྱོང་ལྗོངས་ཀྱི་ཆུ་སྐྱེས་སྲོག་ཆགས་ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་ཚེ་ཐར་གཏོང་བའི་བྱ་སྤྱོད་དོ་དམ་བྱ་ཐབས(གནས་སྐབས་ལག་བསྟར)》(གཤམ་དུ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་དང་། 《དོ་དམ་བྱ་ཐབས》2023ལོའི་ཟླ་11ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་གྱི་ཡོད་པ་དང་གོ་ཆོད་དུས་ཡུན་ལོ་2ཡིན་པ་རེད།

    《དོ་དམ་བྱ་ཐབས》ནང་གཏན་འབེབས་བྱས་དོན། ལྗོངས་ཡོངས་ཀྱི་སྤྱི་པའི་ཆུ་ཁུངས་དང་། རྫིང་བུ། འདམ་ར་བཅས་སུ་སྦལ་པ་དང་རུས་སྦལ་སོགས་ཕྱི་ནས་ཁྱེར་བའི་སྐམ་མཚོ་གཉིས་གནས་སྲོག་ཆགས་དང་། ལྟོ་འགྲོའི་སྲོག་ཆགས། ཆུ་གཏིང་སྲོག་ཆགས་སོགས་གློད་པ་དང་ཚེ་ཐར་གཏོང་མི་ཆོག་པ་དང་། སྤྱི་པའི་ཆུ་ཁོངས་དང་། རྫིང་བུ། འདམ་ར་བཅས་ལ་འདེམས་གསོའི་རྒྱུད་པ་དང་། རྒྱུད་འདྲེས་རྒྱུད་པ། རྒྱུད་བསྒྱུར་རྒྱུད་པ། དེ་བཞིན་སྐྱེ་ཁམས་ཀྱི་བླང་བྱ་དང་མི་འཚམ་པའི་ཆུ་སྐྱེས་སྲོག་ཆགས་ཀྱི་རིགས་གློད་པ་དང་ཚེ་ཐར་གཏང་མི་ཆོག

    《དོ་དམ་བྱ་ཐབས》ནང་བསྟན་དོན། གཙང་པོ་དང་། ཆུ་བོ། མཚོ་སོགས་སྤྱི་པའི་ཆུ་ཁོངས་དང་། རྫིང་བུ། འདམ་ར་བཅས་སུ་ཚེ་ཐར་བཏང་ན་འཚམ་པ་དང་། ཆུ་སྐྱེས་སྲོག་ཆགས་ཆེ་རིགས་ཆུ་གཏིང་རིང་ཁུལ་དུ་ཚེ་ཐར་བཏང་ན་འཚམ་པོ་ཡོད། གཙང་འགྲམ་དང་། ཆུ་མཛོད། དེ་བཞིན་ཆུ་སྤུས་ལེགས་ལ་ཆུ་སྒོ་དང་བར་ཐག་རིང་ཞིང་ཆུ་ཁོངས་ཡངས་བའི་ཆུ་བོར་ཚེ་ཐར་བཏང་ན་འཚམ་པོ་ཡོད། ཆུ་ཁོངས་ཀྱི་རླུང་ཤུགས་ཆེ་ཤོས་རིམ་པ་ལྔ་མན་ཡིན་དགོས། མཚོ་འགྲམ་དུ་ཚེ་ཐར་གཏོང་སྐབས། ཚེ་ཐར་གཏོང་མཁན་གྱིས་ཚེ་ཐར་གཏོང་སའི་ཆུ་རགས་དང་ཉེ་བའི་མཚམས་ནས་ཚེ་ཐར་གཏོང་བའི་སྲོག་ཆགས་ཆུའི་ནང་ག་ལེར་གློད་དགོས་པ་དང་། ཆ་རྐྱེན་ཡོད་པ་རྣམས་ཀྱིས་ཤུད་ལམ་སོགས་ཀྱི་སྒྲིག་ཆས་སྤྱོད་དགོས་པ་ལས། ཐག་རིང་ས་ནས་དབྱུག་པའམ་ཡང་ན་མཐོ་ས་ནས་བསྐྱུར་བ་སོགས་ཀྱི་ཚེ་ཐར་གཏོང་སྟངས་གཏན་འགོག་བྱེད་དགོས།

    《དོ་དམ་བྱ་ཐབས》ནང་ནན་བཤད་བྱས་དོན། 《དོ་དམ་བྱ་ཐབས》དང་འགལ་ནས་ཚེ་ཐར་བཏང་རིགས་རིམ་ཁག་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》 《ཕྱི་ནས་ཁྱབ་པའི་སྲོག་ཆགས་དོ་དམ་བྱ་ཐབས》 《ཆུ་ནང་སྲོག་ཆགས་སྐྱེ་འཕེལ་དང་གློད་པའི་སྐོར་གྱི་དོ་དམ་གཏན་འབེབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་ཆད་པ་གཅོད་རྒྱུ། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་རིགས་ལ། སྐྱེ་ཁམས་སྐྱིན་གསབ(ཞིབ་ཕྲའི་གནས་ཚུལ་ཕྱོགས་གསུམ་པའམ་ཡང་ན་ཆེད་ལས་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་ཏེ་སྐྱིན་གསབ་བྱེད་ཐབས་འདོན་རྒྱུའི་མངགས་བཅོལ་བྱས་རིགས)ཕུད། སྤྱི་བདེ་ལས་ཁུངས་ལ་དེ་བསྟུན་གྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་གཏོང་བར་རྩིས་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།