དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྤུས་ཚད་མཐོ་པོས་མི་དམངས་བློ་ཡིད་ཚིམ་པའི་ སློབ་གསོ་ཡག་པོ་གཉེར་བ།

    ལྷོ་ཁ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-25

    སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་ཞིང་། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཙོ་གནད་ལས་འགན་མངོན་གསལ་དོད་པོ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བས་ནང་ངོས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ཞིང་རྨང་གཞིའི་སྒྲིག་བཀོད་བརྟན་དུ་ཕྱིན་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    གསོན་ཤུགས་འཕེལ་བར་བྱས། འགན་ལེན་ཤུགས་ཆེར་བཏང་།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལྷག་པར་དུ་མཐའ་མཚམས་རྫོང་གི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་གྱི་དམིགས་ཚད་སྔར་བས་ཁ་གསལ་བྱུང་བ་དང་ཕན་འབྲས་དགའ་འོས་པ་ཐོན་ཡོད།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་4.9བཏང་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་སར་དྲོད་རླངས་མཁོ་འདོན་ཡོངས་ཁྱབ་རྣམ་གྲངས་བསྡོམས་318ཡོད་པ་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་6.13བཏང་ནས་ཟླ་ལྔ་པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ཡོད་པ་རེད། མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཁང་དང་ཆུ་རྐྱལ་ཁང་གི་རྣམ་གྲངས་བསྐྲུན་པ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་གྱི་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་ཐིང་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཉམས་ཞན་སློབ་གྲྭའི་ཆ་འཕྲིན་ཅན་གྱི་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་དང་འོས་འགན་སློབ་གསོའི་སློབ་གྲྭའི་རྩིས་འཁོར་སློབ་ཁང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས་སློབ་གྲྭ་47གྱི་སློབ་ཁྲིད་འཛིན་གྲྭར་གཞི་གཅིག་ཅན་གྱི་འཕྲུལ་འཁོར་140དང་། སྨྱན་མང་རྩིས་འཁོར་སློབ་ཁང་10 གཞུང་ལས་གློག་ཀླད་30བཅས་བཀོད་སྒྲིག་བྱས་པ་རེད། མ་དངུལ་སྒོར་ཁྲི་2041བཏང་ནས་གྲངས་འཛིན་ཅན་གྱི་སློབ་གྲྭའི་རྣམ་གྲངས་5བསྐྲུན་ཡོད་པ་རེད། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། མཚོ་སྣ་གྲོང་ཁྱེར་ཁ་ཆུ་ཤང་ཡུམ་བུ་བཀོད་སྒྲིག་བྱ་ཡུལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་གི་འཛུགས་སྐྲུན་རྣམ་གྲངས་དེ་འཆར་གཞིའི་ནང་བཅུག་ནས་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི་2500གཏོང་རྩིས་ཡོད་པ་རེད། འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་སྔར་ལས་ཡག་པ་བྱས་ཤིང་། ཟླ་6པའི་ཟླ་མཇུག་བར་སློབ་གསོའི་བྱ་གཞག་གི་གྲོན་དངུལ་བསྡོམས་སྒོར་དུང་ཕྱུར་13.75བཏང་ཡོད་པ་དང་། ལོ་15རིང་གི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་ནས་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་ལོ་རེར་སློབ་མ་རེར་སྒོར་90མཐོ་རུ་བཏང་ཡོད།

    ཞན་ཆ་གསབ། སྤུས་ཚད་ལེགས་སུ་བཏང་།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་བསམ་བློ་ཆབ་སྲིད་ལེགས་གཏོང་གི་དཔེ་སྟོན་འདུ་འགོད་ལག་ལེན་བསྟར་ཏེ། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་སྒྲིག་འཛུགས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་380སྤེལ་བས་དགེ་སློབ་མི་ཐེངས་ཁྲི་5ལ་སློབ་གསོ་ཐེབས་ཡོད་པ་རེད། “ཡང་གཉིས”དང“དོ་དམ་ལྔའི”ལས་དོན་ཏན་ཏིག་ངང་སྤེལ་བ་དང་།“སློབ་གསོ་ལྔ་མཉམ་སྤེལ”གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ལུས་རྩལ་དང་། མཛེས་རྩལ། ངལ་རྩོལ་བཅས་ཀྱི་སློབ་ཚན་ཡག་པོ་འཚོགས་པ། སློབ་མའི་ཉིན་རེའི་སྦྱོང་བརྡར་ཆུ་ཚོད་གཅིག་ཟིན་པའི་འགན་ལེན། སློབ་གྲྭའི་སྒྱུ་རྩལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ནས་ངལ་རྩོལ་སློབ་གསོའི་སློབ་ཐུན་དེ་ཕྱོགས་བསྡུས་ལག་ལེན་སློབ་ཐུན་གྱི་ཕྱེད་ཀ་ལས་མི་ཉུང་བ་དགོས་པའི་འགན་ལེན་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་བསྐྲུན་ནས“བུ་བཅོལ་ཁང་དང་སློབ་ཆུང་འབྲེལ་མཐུད་བྱེད་པའི”ལས་དོན་ཏན་ཏིག་ངང་སྤེལ་བ་དང་། བུ་བཅོལ་ཁང་གི་རིགས་དབྱེ་དང་རིམ་པ་གཏན་འཁེལ་གྱི་ཚོད་སྐོར་ལས་དོན་སྤེལ་བ་མ་ཟད། རིམ་རྩིས་བྱས་ན་ཚད་གཞི་ཡན་གྱི་བུ་བཅོལ་ཁང་139ལ་ཚོད་སྐོར་གཏན་འཁེལ་བྱས་ཡོད། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ཏན་ཏིག་བྱས་པ་དང་གྲོང་གསེབ་ཀྱི་དགེ་རྒན་དང་ལས་བཟོར་འཚོ་བའི་ཁ་གསབ་གྲོན་དངུལ་སྒོར་ཁྲི་2398.68སྤྲད་པ་མ་ཟད།《ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ལས་གནས་གཉིས་ལྡན་དགེ་རྒན་གྱི་ལས་གནས་ཁ་གསབ་རོགས་དངུལ་སྤྲོད་པ་དང་དོ་དམ་བྱེད་པའི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་2022ལོ་ནས་2024ལོའི་བར་གྱི་གསོ་སྦྱོང་སློབ་བསྡུའི་གྲོས་མཐུན་བཞག་པ་རེད།

    ལམ་ལུགས་བཟོས། བདེ་འཇགས་དམ་འཛིན་བྱས།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གྲྭའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་སློབ་མའི་སེམས་ཁམས་བདེ་ཐང་དང་ཆུར་ལྷུང་སྔོན་འགོག་སོགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཡོད། ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་བདེ་སྲུང་བཀོད་སྒྲིག་དང་། ཉེན་རྟོག་པར་སྙན་སེང་ཞུ་བའི་མ་ལག་དང་སྤྱི་བདེ་ལས་ཁུངས་དྲ་སྦྲེལ་ཕྱོགས་ཡོངས་སུ་ཁྱབ་པར་ཤུགས་སྣོན་བརྒྱབ་ཡོད། སློབ་གསོའི་རྒྱུགས་སྤྲོད་སློབ་མའི་སློབ་བསྡུའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གསང་བ་ཕྱིར་གྱར་དང་། ནོར་འཛོལ་མེད་པ། ནོར་འཁྲུལ་མེད་པ། ཞུ་གཏུག་མེད་པ་བཅས་ཀྱི་སྒོ་ནས་མཐོ་རྒྱུགས་དང་། ཁ་གཏད་མཐོ་རིམ་ལས་རིགས། བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭ(སློབ་གྲྭ)བཅས་ཀྱི་ཡིག་རྒྱུགས་སློབ་བསྡུའི་ལས་དོན་ལེགས་སྒྲུབ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་སློབ་དཀྱུས་མའི་ཡིག་རྒྱུགས་ལ་ཞུགས་མཁན་སློབ་མ་2354ཟིན་པ་དང་ཁྱོན་སློབ་མ་2244ཡིག་རྒྱུགས་ལོན་པ་ལས་གཙོ་གནད་དངོས་གཞིའི་ཚན་ཁག་ལ་སློབ་མ་267ཚུད་པ་དང་། གཙོ་གནད་དངོས་གཞིའི་ཚན་ཁག་ལ་ལོན་ཚད་11.3%ཟིན་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་སྤུས་ཚད་ལ་ཚད་བརྒལ་གསར་པ་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཚན་ཁག་གིས་རྫོང་དང་། ཆུས། སློབ་གྲྭ་བཅས་འགན་གཙང་ལེན་པ་དང་། རྫོང་སློབ་གསོ་ཅུས་ཀྱི་ཚན་ཁག་གིས་ཤང་དང་གྲོང་རྡལ་དང་སློབ་གྲྭ་འགན་གཙང་ལེན་པ། སློབ་གྲྭའི་ཚན་ཁག་གི་ཁོངས་མིས་ལོ་རིམ་འགན་གཙང་ལེན་པ། འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭ་འགན་གཙང་ལེན་པའི“རིམ་བཞིའི་འགན་གཙང་འགན་ལེན”གྱི་ལས་ཀའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ་དོན་དངོས་དང་ཟུང་འབྲེལ་གྱིས《དགེ་རྒན་གྱིས་གཏན་འཁེལ་ལས་གནས་སུ་ལས་དོན་སྒྲུབ་པའི་ལམ་ལུགས་སྔར་བས་ཚད་ལྡན་དང་དེར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》དང་། 《གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་རྒྱན་འགྱེད་འགོག་པ་དང་ཆང་རག་འགོག་པའི་གྲོས་མཐུན་ཡི་གེ》《ཁྱིམ་བདག་ལ་ཕྲུ་གུ་ཆུར་མི་ལྷུང་བ་བྱེད་པའི་བདེ་འཇགས་ཀྱི་སློབ་གསོའི་ཡི་གེ་སྤྲིངས་པ》སོགས་བྱས་ནས་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་གཟུགས་བརྙན་བཟང་པོ་སྲུང་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།