དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • དགའ་བའི་ལས་ལ་སྤྲོ་བས་འཇུག

    —— གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་རྒན་སྟོབས་ལགས་དང་སྒྲ་སྙན་ཚོགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་རྒྱ་ཡིག་དགེ་རྒན་སྟོབས་ལགས་ཀྱིས་དུས་རྒྱུན་སློབ་གྲྭ་དེའི་སྒྲ་སྙན་ཚོགས་པའི་མཛུབ་ཁྲིད་དགེ་རྒན་གྱི་འགན་འཁུར་བཞིན་ཡོད།

    “སློབ་དུས་གསར་པར་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་སློབ་གྲྭར་ཞུགས་རྗེས། ང་ཚོས་ཚོགས་པར་ཚོགས་མི་གསར་པ་འཇུག་གི་ཡོད་པས་སྐབས་དེ་དུས་བྲེལ་བ་ཆེ་ཙམ་འདུག དུས་རྒྱུན་ངས་རྒྱ་ཡིག་སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་བྱེད་པ་མ་ཟད། ད་དུང་སྒྲ་སྙན་ཚོགས་པའི་སློབ་ཁྲིད་དང་ལས་ཀ་སྣ་ཚོགས་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་སྟོབས་ལགས་ཀྱིས་གསར་འགོད་པར་བཤད་བྱུང་།

    གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས“མངོན་མིན་རིག་གནས་ཤུལ་བཞག་སློབ་སྦྱོང་དང་། བེད་སྤྱོད། ངོམ་སྟོན”བཅས་ཀྱི་འདུ་ཤེས་སློབ་གྲྭར་ཁྱབ་གདལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དེང་རབས་སློབ་གསོའི་མ་ལག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། 2020ལོའི་ཟླ་4པར། སློབ་གྲྭས་ཚོགས་པའི་བྱེད་སྒོ་སྤེལ་འགོ་ཚུགས་རྗེས་སློབ་མའི་ཚོགས་པ་32བར་འཕེལ་རྒྱས་ཕྱིན་ཡོད། དེའི་ནང་སྒྲ་སྙན་ཚོགས་པ་དང་། བོད་ཡིག་ཡིག་གཟུགས་ཚོགས་པ། སྲོལ་རྒྱུན་རི་མོའི་ཚོགས་པ་སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཚོགས་པ་ཡོད་པས། སློབ་མ་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གང་ལེགས་བྱེད་ཐུབ་ཡོད།

    སྟོབས་ལགས་ཆུང་དུས་ནས་སྒྲ་སྙན་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ཕ་ཡུལ་གཅིག་པའི་སྒྱུ་རྩལ་མི་སྣ་དགེ་རྒན་ལ་བསྟེན་མྱོང་ཡང་ཡོད། དེ་རྗེས་སྦྱོང་བརྡར་ཧུར་ཐག་བྱས་པ་བརྒྱུད། སྒྲ་སྙན་དཀྲོལ་བའི་རྨང་གཞི་ངེས་ཅན་ཞིག་ཡོད། དེས་ན་སློབ་གྲྭར་ཚོགས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པས་སྟོབས་ལགས་ཀྱིས་རང་འགུལ་ངང་སྒྲ་སྙན་ཚོགས་པའི་སློབ་ཁྲིད་ཀྱི་འགན་ཁུར།

    ད་ཆ་སྒྲ་སྙན་ཚོགས་པ་དེ་སློབ་གྲྭ་དེའི་སྐད་གྲགས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེར་སློབ་མ་ཡོད་ལ་ད་དུང་དགེ་རྒན་མི་ཉུང་བ་ཞིག་ཀྱང་ཞུགས་ཡོད། རིམ་རྩིས་བྱས་ན་ལོ་ཤས་རིང་དགེ་སློབ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    “སྒྲ་སྙན་དཀྲོལ་བའི་རྨང་གཞི་མེད་ཀྱང་དེར་དགའ་ཞེན་ཡོད་ཚེ་ང་ཚོའི་ཚོགས་པར་ཞུགས་ཆོག་གི་ཡོད། རོལ་དབྱངས་ཀྱི་ལོ་རྒྱུས་དང་། རོལ་དབྱངས་ཀྱི་རིགས་པའི་གཞུང་ལུགས། སྒྲ་སྙན་འཛིན་སྟངས་ནས་སྒྲ་སྙན་དཀྲོལ་སྟངས་བཅས་ཚང་མ་སློབ་ཀྱི་ཡོད། སྒྲ་སྙན་ཚོགས་པའི་ནང་གི་འཛིན་གྲྭ་རིམ་པ་གསུམ་ལ་དབྱེ་བ་སྟེ། རྨང་གཞིའི་རོལ་དབྱངས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དམའ་རིམ་འཛིན་གྲྭ་དང་། སྒྲ་སྙན་དཀྲོལ་སྟངས་སྦྱོང་མཁན་གྱི་འབྲིང་རིམ་འཛིན་གྲྭ སྒྲ་སྙན་དཀྲོལ་གཏོང་དང་ཞབས་བྲོ་མཉམ་འཁྲབ་ཀྱི་མཐོ་རིམ་འཛིན་གྲྭ་བཅས་རེད། ཚོགས་པ་བཙུགས་པ་ནས་བཟུང་། སློབ་མ་མང་པོ་ཞིག་ལ་ཕན་པ་ཐོབ་པ་མ་ཟད། ད་དུང་སློབ་མ་མང་པོ་ཞིག་གིས་སྒྲ་སྙན་དཀྲོལ་སྟངས་ཧུར་ཐག་སྦྱངས་ཏེ་རང་ཉིད་ཀྱི་བློར་བབས་པའི་ཆེད་ལས་དང་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད”ཅེས་སྟོབས་ལགས་ཀྱིས་བཤད།

    སློབ་གྲྭ་དེའི་སྒྲ་སྙན་ཚོགས་པ་བཙུགས་པ་ནས་བཟུང་། འཁྲབ་སྟོན་དང་འགྲན་བསྡུར་ཆེ་ཆུང་མི་ཉུང་བར་ཐེངས་མང་ཞུགས་པར་གྲུབ་འབྲས་བཟང་པོ་ཐོབ་ཅིང་། དེའི་ནང་ནས་སྐད་གྲགས་ཆེ་ཤོས་ནི་སྒྲ་སྙན་ལེ་ཚན《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པར་སློབ་གསོ་པུས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་བདུན་པའི་སྒྱུ་རྩལ་འཁྲབ་སྟོན་རིགས་ཀྱི་སློབ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།

    གསར་འགོད་པས་སྒྲ་སྙན་ཚོགས་པའི་འགན་འཁུར་བ་བྱས་པ་དེས་རང་ཉིད་ཀྱི་རྒྱུན་གཏན་གྱི་ལས་ཀར་ཤུགས་རྐྱེན་ཐེབས་ཀྱི་འདུག་གམ་ཞེས་དྲིས་པར། སྟོབས་ལགས་ཀྱིས“ཐམས་ཅད་དགའ་ཞེན་ཡོད་པས་ཡིན། ཚོགས་པའི་སློབ་མ་རྣམས་གང་ཡང་མ་ཤེས་པ་ནས་མཐར་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་བཞིན་པ་མཐོང་སྐབས་དེ་དག་ཚང་མ་བྱེད་རིན་ཡོད་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།

    2022ལོར་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞི་ཁག་གཉིས་པར་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།