ཚད་ལྡན་གྱི་དགེ་རྒན་ཞིག་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།
གོ་ལ་ཧྲིལ་པོ་ཚན་རྩལ་དང་ཤེས་དཔལ་ལ་ཁ་ཕྱོགས་ཏེ་འགྲན་རྩོད་ཀྱི་ལམ་ཆེན་སྟེང་དུ་བང་རྩལ་འགྲན་བཞིན་པའི་ཆ་འཕྲིན་གྱི་དུས་རབས་འདིར། རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་། དེ་ཡི་ཆབ་དཔལ་རིག་གསུམ་ཡར་རྒྱས་དང་གོང་འཕེལ་ཐུབ་མིན་ནི། གང་དེར་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་ནུས་ལྡན་པའི་མི་སྣ་མང་པོ་ཞིག་ཡོད་མེད་ལ་རག་ལས་ཡོད་ཅིང་། དེ་ལྟ་བུའི་མི་སྣ་མང་པོ་ཞིག་ཡོད་མེད་དེ་ཡང་མཐར་གཏུགས་ན་དེ་དག་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་ལ་རག་ལས་ཡོད་པས། དགེ་རྒན་ནི་རྒྱལ་ཁབ་དང་མི་རིགས་གང་དེར་ལྷག་བསམ་དང་མི་གཞི། ཤེས་ཡོན་དང་རྣམ་དཔྱོད། འཇོན་ནུས་དང་ཕུགས་འདུན་ཡོད་པའི་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་གཟི་བརྗིད་ཆེ་ལ། འགན་འཁྲི་ཧ་ཅང་ལྕི་བའི་རླབས་ཆེན་གྱི་མི་སྣ་དེ་ཡིན་པས། དེ་ལྟ་བུའི་དོན་སྙིང་ལྡན་པའི་ལས་གནས་སུ་འགན་འཁྲི་ཕྲག་ཏུ་ཁུར་ཕོད་པའི་དགེ་རྒན་བཟང་པོ་ཞིག་བྱེད་པར་ཕྱི་ནང་གི་ཆ་རྐྱེན་མང་པོ་ཚང་དགོས་རུང་། འདིར་རྩ་བའི་ཆ་རྐྱེན་གང་ཞིག་ཚང་དགོས་མིན་ཐད་ལ་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར་བྱ།
དང་པོ། འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་དགོས།
སྤྱི་ཚོགས་ཐོག་གི་ལས་རིགས་གང་ཞིག་ཡིན་རུང་། དེར་ཆེད་དུ་ལས་ཀ་བྱེད་མཁན་གྱི་ལས་མི་རེ་ཡོད་པ་སྨོས་མི་དགོས་ལ། ཁོང་ཚོས་རང་རང་གི་ལས་གནས་སུ་ཀླད་པའི་ངལ་རྩོལ་དང་ལུས་པོའི་ངལ་རྩོལ་ལ་བརྟེན་ནས་དེ་མཚུངས་ཀྱི་གླ་ཆ་བླངས་ཏེ་འཚོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ལས་རིགས་དེ་དག་གི་ཁྲོད་དུ་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ཧུར་ཐག་འབད་ཐག་ངང་ལྷག་བསམ་རྣམ་དག་གིས་ལས་ཀ་མ་བྱས་པར་ཟླ་རེའི་འོས་བབ་ཀྱི་གླ་ཆ་བླངས་ནས་རང་གི་འཚོ་བ་འཁྱོལ་ཐབས་དང་དུས་ཚོད་ཟད་ཐབས་བྱེད་མཁན་མི་ཉུང་བ་ཞིག་ཡོད་སྲིད། མི་དེའི་རིགས་ལ་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་འགན་འཁྲིའི་འདུ་ཤེས་ཞན་པའམ་མེད་པ་དེའོ།
བྱ་བ་གང་ཞིག་བསྒྲུབས་ཀྱང་འགན་འཁྲིའི་འདུ་ཤེས་མེད་ཚེ། ཤེས་ཡོན་དང་འཇོན་ནུས་ཇི་ལྟར་ཆེ་ཡང་ཡོད་ཚད་བརླགས་ཚར་བ་དང་གཅིག་པ་རེད། ལྷག་པར་དུ་རང་ཉིད་ལྟ་བུ་དགེ་རྒན་གྱི་ལས་གནས་སུ་མི་གསོ་དཔེ་ཁྲིད་ཀྱི་བགྱི་བ་ལྷུར་དུ་ལེན་བཞིན་པའི་དགེ་རྒན་ཕལ་པ་ཞིག་ལ་མཚོན་ནའང་། དེའི་འགན་འཁྲི་ནི་ལས་རིགས་གང་ཞིག་ལས་ཀྱང་ལྕི་བ་ཡོད་པར་སྙམ།
གལ་ཏེ་དགེ་རྒན་གྱི་ལས་གནས་སུ་དུས་ཚོད་འཁྱོལ་ཐབས་དང་ཁྲལ་སེལ་སླ་བཅོས་བྱས་ནས་བསྡད་ན། དེ་ནི་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་ཁོ་ན་ཙམ་མ་ཡིན་པར་མི་རིགས་དང་རྒྱལ་ཁབ་ལ་འགན་མ་འཁུར་བའི་ཐ་ཤལ་གྱི་བྱེད་སྟངས་ཤིག་ཡིན་པར་སྨོས་མི་དགོས།
རང་ཉིད་ནས་གཙོས་པའི་དགེ་རྒན་སུ་ཞིག་ཡིན་རུང་ཐོག་མར་རང་མིང་གི་མདུན་དུ་དགེ་རྒན་ཞེས་པའི་ཆོ་ལོ་ཞིག་བསྣན་པ་དེར་མིང་ཙམ་གྱི་འདུ་ཤེས་མ་འཛིན་པར། རང་ཉིད་ནི་ཏང་དང་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་ཐོབ་སྟེ་ཁྱིམ་ཚང་དང་སྤྱི་ཚོགས། མི་རིགས་དང་མེས་རྒྱལ་གྱི་མ་འོངས་པའི་རེ་བ་ཉག་གཅིག་ཏུ་གྱུར་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་དུས་ནམ་ཡང་ཤ་གསེང་རུས་གསེང་དུ་ངེས་ནས། ལས་གནས་དེར་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། རང་ཉིད་མི་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་ནའང་ད་ལྟའི་སྡོད་གནས་སྐྱིད་པོ་དང་། བཟའ་བཏུང་ཕུན་ཚོགས། གྱོན་གོས་ཡག་པོ་སོགས་འཚོ་བའི་མཐུན་རྐྱེན་ཧ་ཅང་བཟང་པོ་འདི་དག་ནི་སློབ་མ་ཚོར་ཀུན་སྤྱོད་དང་ཤེས་ཡོན་བསླབས་པར་བརྟེན་ནས་རྒྱལ་ཁབ་ཀྱིས་རང་ཉིད་ལ་གནང་བའི་ཐོབ་ཆ་ཡིན་པར་ཤེས་དགོས། གལ་ཏེ་ངས་ད་དུང་སྒེར་དོན་ཁོ་ནའི་ཆེད་དུ་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་གལ་ཆེན་འདིར་འཐུས་ཤོར་དང་སྣང་མེད་དུ་བཏང་ན་ཏང་དང་རྒྱལ་ཁབ་ལ་བློ་མི་དཀར་བ་ཞིག་ཡིན་པས། དེ་ཕྱིར་རང་ཉིད་ཀྱིས་ནམ་ནམ་ཞར་ཞར་དུ་མིག་མདུན་གྱི་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་བའི་ལས་གནས་འདིར་ལྷག་བསམ་རྣམ་དག་བཅངས་ནས་འགན་འཁྲི་བླ་ལྷག་ཏུ་ཁུར་ཏེ་མེས་རྒྱལ་གྱི་ལྡུམ་ར་ཆེན་པོའི་ནང་གི་མེ་ཏོག་དེ་དག་འཚར་ལོངས་ཡག་པོ་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ནི་གལ་ཤིན་ཏུ་ཆེའོ་སྙམ།
གཉིས་པ། ལས་གནས་ལ་ལྷག་བསམ་དང་དགའ་ཞེན་ཡོད་དགོས།
དེ་ཡང་ས་པཎ་གྱིས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དུ། “གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་གསུངས་པ་ལྟར། དགེ་རྒན་བཟང་པོ་ཞིག་བྱེད་པར་འགན་འཁྲིའི་འདུ་ཤེས་ཡོད་པ་ཙམ་གྱིས་མི་ཆོག་པར་ད་དུང་གཞན་ལ་ཕན་པར་འདོད་ཅིང་རྒྱུ་དང་དབང་། སྙན་དང་གྲགས་པའི་ཕྱོགས་སུ་མ་སོང་བར་ལྷག་བསམ་རྣམ་པར་དག་པའི་ཀུན་སློང་གཙང་མ་ཡིས་ཉེ་དགའ་ཕྱོགས་ཞེན་མེད་པའི་སྒོ་ནས་སློབ་མ་སྐྱོང་དགོས། གཞན་ཡང་དགའ་ཞེན་ནི་རང་གི་དགེ་རྒན་ཡག་ཤོས་དེ་ཡིན་ཞེས་གསུངས་པ་ལྟར། རང་གི་ལས་གནས་དེར་སྤྲོ་བ་དང་དགའ་ཞེན་ཡོད་དགོས་པ་ནི་གྲུབ་འབྲས་ལེགས་པོ་ཞིག་ཐོབ་མིན་གྱི་གནད་འགག་གཙོ་བོ་དེ་ཡིན། སློབ་ཁྲིད་མི་སྐྱོང་གི་དགེ་རྒན་གྱི་ལས་རིགས་འདིར་གཞན་ཕན་གྱི་ལྷག་བསམ་དགོས་ལ། དཀའ་སྤྱད་དང་སྡུག་རུས་དེ་བས་ཀྱང་དགོས། དེ་ཡང་རང་ཅག་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་དུ་དགེ་བའི་བཤེས་གཉེན་ནི་གཞན་ཕན་གྱི་ལྷག་བསམ་ཆེ་ཞིང་། ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པ། འཆད་རྩོད་རྩོམ་གསུམ་ལ་མཁས་པ། བླང་དོར་དང་བློ་གྲོས་ཀྱི་གནས་ལ་འཇུག་པ་ཡངས་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་སྔོན་བྱོན་བཤེས་གཉེན་དམ་པའི་རང་དོན་རྒྱབ་བསྐྱུར་དང་སྤྱི་དོན་དང་བླངས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་མིག་ལྟོས་ཀྱིས། གཞན་གྱི་དྲན་སྐུལ་དང་སྐུལ་ལྕག་ཁོ་ན་བསྒུགས་ནས་མ་བསྡད་པར་རང་གི་གང་ཤེས་པ་ཐམས་ཅད་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་བསླབས་ནས། སློབ་མའི་ཤེས་སྤྱོད་གཉིས་ཀ་འཕེལ་བར་འབད་བརྩོན་བྱེད་དགོས། གཞན་ལ་ཕན་འདོགས་པར་འདོད་པའི་ལྷག་བསམ་རྣམ་དག་གི་ཀུན་སློང་གཙང་མ་ཞིག་རང་རྒྱུད་ལ་ཡོད་ན། ལས་གནས་དེར་བཅོས་མ་མ་ཡིན་པའི་དགའ་ཞེན་རྣལ་མ་ཞིག་ངང་གིས་སྐྱེས་སྲིད། ལས་ཀ་དེར་དཀའ་ཚེགས་དང་བར་ཆད་ཇི་ཙམ་འཕྲད་ཀྱང་དེ་དག་ཐམས་ཅད་ཉི་མ་སྤྲིན་བྲལ་ལྟར་ཡལ་ནས། “བསམ་པ་བཟང་ན་ས་དང་ལམ་ཡང་བཟང”ཞེས་པ་ལྟར་བསམ་པ་བཟང་པོ་རང་གཞན་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཞིང་། ལྷག་བསམ་དང་དྲང་གཞག ཤེས་ཡོན་དང་འཇོན་ནུས་ལྡན་པའི་དགེ་བའི་བཤེས་གཉེན་དེ་འདྲ་ཞིག་ལ་སློབ་མ་དང་ཁྱིམ་བདག་གིས་དགའ་ཞེན་དང་གཞོགས་འདེགས་མི་བྱེད་ག་ལ་སྲིད། དེ་ལྟར་ཁྱིམ་ཚང་གི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ་ཙམ་མ་ཟད་སློབ་གྲྭའི་སློབ་གསོར་ཡང་ཤུགས་སྣོན་ཆེན་པོ་བརྒྱབ་ཚེ། སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གོང་དུ་འཕེལ་བར་ཕན་འབྲས་ཆེན་པོ་ཐོན་སྲིད།
གསུམ་པ། ཐོས་བསམ་རྒྱ་ཆེར་གསོག་དགོས།
སྤྱིར་འགན་འཁྲིའི་འདུ་ཤེས་དང་ལྷག་བསམ་རྣམ་དག་ནི་བྱ་བ་གང་ཞིག་འགྲུབ་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་ཞིང་། སྒོས་སུ་རྣམ་དཔྱོད་དང་ཤེས་རབ། འཇོན་ནུས་དང་རང་ཚུགས་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་ཞིག་ལ་མཚོན་ན། ཐོག་མར་རང་ཉིད་རང་དཔེ་གཞན་སྟོན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ལྟ་རྒྱ་དང་ཐོས་རྒྱ་ཟབ་ཅིང་ཤེས་ཡོན་གྱིས་ཕྱུག་པ་ཞིག་དགོས།
སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་གསོ་སྐྱོང་བྱེད་པར་ཐོག་མར་དགེ་རྒན་ལ་ཤེས་ཡོན་དང་འཇོན་ནུས་ཡོད་དགོས། དགེ་རྒན་ལ་ཤེས་ཡོན་དང་འཇོན་ནུས་དགོས་ན་ངེས་པར་དུ་དུས་རྒྱུན་དུ་དཔེ་ཀློག་ལ་དགའ་ཞིང་ཐོས་བསམ་ལ་མོས་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེ། དཔེ་ཀློག་ལ་མི་དགའ་ཞིང་སློབ་སྦྱོང་ལ་མི་མོས་པའི་དགེ་རྒན་ཞིག་གིས་དཔེ་ཀློག་ལ་སྤྲོ་ཞིང་སློབ་སྦྱོང་ལ་དགའ་བའི་ཕུལ་བྱུང་སློབ་མ་ཞིག་གསོ་སྐྱོང་བྱེད་པར་དཀའ་ལ། གང་ཞིག་དཔེ་ཀློག་ལ་མི་དགའ་བའི་མི་དེས། འཕྲལ་ཕུགས་ཀྱི་ཁེ་ཕན་མི་རྟོགས་ལ་བློ་གྲོས་ཀྱིས་ནམ་འཕང་མི་ཆོད་ཅིང་། ནམ་ཡང་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་ཁོ་ན་གཟེད་དགོས་པ་ལས་རང་ཉིད་ཡར་རྒྱས་འགྲོ་བའི་གོ་སྐབས་ཤིག་ག་ལ་ཡོད། གང་ཞིག་དཔེ་ཀློག་ལ་དགའ་ཞིང་ཐོས་བསམ་ལ་མོས་པའི་མི་བུ་དེ་དག་ལ་ད་གཟོད་བློ་གྲོས་ཀྱི་གཤོག་ཟུང་རྒྱས་ཤིང་མདུན་ལམ་ལ་འོད་ཟེར་ལྡན་པར་འགྱུར་སྲིད། རང་ཉིད་ཤེས་བྱ་དང་ཡོན་ཏན་གྱིས་ཕྱུག་པའི་མི་ཞིག་བྱེད་དགོས་ན། མ་འཆི་བར་དུ་དཔེ་ཀློག་དང་ཐོས་བསམ་ལས་ལ་འབད་དགོས་ཤིང་། ལྷག་པར་དུ་འགྲན་རྩོད་ཆེ་བའི་དུས་རབས་འདིའི་རྗེས་སུ་ལུས་མི་འདོད་ན། དེ་བས་ཀྱང་སློབ་སྦྱོང་བྱེད་རྒྱུ་ནི་མི་ཞིག་གི་མི་ཚེ་ཧྲིལ་པོའི་ལས་འགན་གཙོ་བོ་དེ་ཡིན་པས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་གྱི་ངོས་ནས་བརྗོད་ན་དེ་བས་སྨོས་ཅི་ལ་དགོས། གལ་ཏེ་དཔེ་ཀློག་དང་སློབ་སྦྱོང་ལ་མི་དགའ་བའི་དགེ་རྒན་ཞིག་ཡིན་ཚེ་ཁྱེད་ལ་ལྷག་བསམ་དང་འགན་འཁྲི་ཇི་ལྟར་ཆེ་རུང་། རང་གི་སློབ་མར་སྔོན་ཐོན་གྱི་ལམ་དུ་ཁྲིད་པའི་ཁ་ཕྱོགས་ཀྱང་སྟོན་མི་ཐུབ་པས། དཔེ་ཀློག་མེད་ན་གཞན་ལ་ལེགས་ཉེས་དང་བླང་དོར་འབྱེད་པའི་བློ་གྲོས་ཤིག་སྦྱིན་ཐུབ་རྒྱུ་ལྟ་ཅི། ཐ་ན་རང་ལམ་རང་གིས་མི་རྙེད་པར་ལོང་བས་ལོང་བ་ཁྲིད་པ་དང་འདྲ་བར་གཡང་ལ་མཆོངས་རྒྱུའི་ཉེན་ཁ་ཧ་ཅང་ཆེ། དེར་བརྟེན་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་འཇོན་ནུས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་མི་ཚེ་ཧྲིལ་པོར་ཐོས་བསམ་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་དེ་གལ་ཆེན་ཡིན་པའི་ངེས་ཤེས་འདྲོངས་དགོས་པ་ཙམ་མ་ཟད། ངེས་པར་དུ་ལག་ལེན་ལ་འཁྱོལ་གང་ཐུབ་བྱེད་དགོས།
བཞི་པ། ཆེད་ལས་ཤེས་བྱའི་རྨང་གཞི་ཟབ་ཅིང་རྩལ་ནུས་བྱང་ཆུབ་པ་དགོས།
དེ་ཡང་། འགན་འཁྲིའི་འདུ་ཤེས་ཟབ་ཅིང་ལས་གནས་ལ་དགའ་ཞེན་དང་ཤེས་ཡོན་གྱིས་ཡོངས་སུ་ཕྱུག་པ་ཁོ་ནས་སློབ་མ་ཡག་པོ་ཞིག་གསོ་སྐྱོང་ཐུབ་པའི་ངེས་པ་མེད། གང་ལགས་ཤེ་ན། ཆེད་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་པ་མ་ཟད་ཆེད་ལས་ཀྱི་ནུས་རྩལ་ལ་བྱང་ཆ་ལྡན་པ་ཞིག་དགོས་ཏེ། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དུ་རང་གི་གང་ཤེས་པ་སློབ་མའི་རྒྱུད་ལ་སྦྱོར་ཐུབ་པ་ཞིག་དགོས་ན་ངེས་པར་དུ་སྦྱངས་ཟིན་པའི་ཆེད་ལས་ཀྱི་ཤེས་བྱ་དེ་དག་ཁམས་དང་མོས་པ། རིག་སྟོབས་དང་སྦྱང་སྟོབས་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་གཞིགས་ཏེ་ཐབས་ཤེས་ཟུང་དུ་འབྲེལ་ནས་རང་དཔེ་གཞན་སྟོན་དང་སྣོད་བསྟུན་སློབ་ཁྲིད་བྱེད་དགོས་པ་ལས་ཁ་བཤད་སྐམ་པོ་འབྲུག་སྒྲ་ལྡིར་ལྡིར་ཙམ་གྱིས་ཕན་ནུས་གང་ཡང་ཐོན་མི་ཐུབ། སློད་ཁྲིད་ཀྱི་ལག་ལེན་དངོས་ཀྱི་ཁྲོད་དུ་ཁ་ཡོད་ལག་ཡོད་ཀྱི་སྦྱོང་བརྡར་དང་སློབ་སྦྱོང་དངོས་སུ་བྱས་ཚེ་ད་གཟོད་ཁ་བཤད་བརྒྱ་ལས་ལག་ལེན་གཅིག་དགའ་ཟེར་བའི་དཔེ་ལྟར་ཕན་པ་ཆེན་པོ་ཡོད་པ་ཧ་གོ་དོན་རྟོགས་རེད།
ཇི་སྐད་དུ། གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒྱུ་འཛོམས་ན་ཡང་། །ཉམས་ལེན་མ་བྱས་འཆི་ཚེ་དཔེས་མི་ཕན། སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན་ཞེས་པ་དང་། གུང་ཐང་རིན་པོ་ཆེའི་《བསླབ་བྱ་ཟློག་སྒོམ》ལས། ཐོས་པ་དོན་ལྡན་ཞིག་བགྱིས་ན། །གང་ཤེས་རྒྱུད་ཐོག་ལ་སྦྱོར་དགོས། །མཁས་པ་དོན་མེད་ཅིག་བྱེད་ན། །ཐ་སྙད་ཚིག་སྐམ་རང་སྒྲུགས་ཤིག །ཅེས་གསུངས་པ་ལྟར་ང་ཚོས་རང་གི་སྦྱངས་ཟིན་པའི་ཆེད་ལས་ཀྱི་ཤེས་བྱ་དང་རྩལ་ནུས་དེ་དག་རང་རྒྱུད་ལ་མ་འཇགས་པ་དང་སློབ་ཁྲིད་དངོས་ཀྱི་ནང་དུ་བེད་སྤྱོད་གཏོང་མ་ཐུབ་ཚེ། མ་ཤེས་པ་དང་ཁྱད་མེད་ལ་དེའི་རིན་ཐང་འདོན་ཐབས་བྲལ་བ་རེད། བྱ་བ་གང་ཞིག་ཡིན་རུང་ལག་ལེན་མེད་པའི་འཆར་གཞི་དང་ཁ་བཤད་ནི་ནམ་མཁའི་འཇའ་ཚོན་དང་འདྲ། དེར་བརྟེན། ལག་ལེན་དང་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ནི་ལས་དོན་གང་ཞིག་ལེགས་གྲུབ་ཐུབ་མིན་གྱི་འགག་རྩ་ཡིན་ལ། དེ་བས་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་བཤད་ན། བསམ་སྦྱོར་གཅིག་མཐུན་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
འདི་ནི་ཁོ་བོ་རང་ཉིད་དགེ་རྒན་ཞེས་པའི་གཟི་བརྗིད་ཅན་གྱི་ལས་གནས་འདིར་དངོས་སུ་ཞུགས་ནས་ལོ་ངོ་བདུན་ཙམ་སོང་རིང་གི་ལག་ལེན་དངོས་ཀྱི་ཁྲོད་དུ་བྱུང་བའི་མྱོང་ཚོར་དང་རང་གི་བསམ་ཚུལ་ཕྲ་མོ་ཙམ་ཞུས་པ་ལགས་ཤིང་། རང་ཉིད་ཀྱང་ཁ་ཕྱོགས་འདི་དང་དམིགས་འབེན་འདི་ལྟ་བུ་ཞིག་བཟུང་སྟེ་སློབ་ཁྲིད་ཀྱི་བྱ་བར་འབད་བཞིན་ཡོད། འདིས་རང་ཉིད་དང་ལས་དང་པོ་བ་རྣམས་ལ་དྲན་སྐུལ་དང་གསལ་འདེབས་ཀྱི་ནུས་པ་ཐོན་པའི་རེ་བ་ཆེ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་བོད་ཡིག་ཚོགས་ཆུང་གི་ཚེ་རྡོར)