རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ལྷད་མེད་གཅེས་སེམས་བཅངས་ནས་ཁ་ཤོ་རྐན་ཤོའི་བྱིས་པར་སྨན་བཅོས་བྱས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་གཞི་རིམ་དུ་བསྐྱོད་དེ་གནད་དོན་གསེད་བཀྲོལ་ཆེན་པོ་དང་དཀའ་གནད་གྲལ་བཤེར་ཆེན་པོ་བྱས་ནས་གཞི་རིམ་གྱི་དཀའ་ངལ་དངོས་སེལ་རོགས་བྱས་ཡོད། བརྟག་ཞིབ་བྱེད་རིང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས། རང་ལྗོངས་ཀྱི་ཁ་ཤོ་རྐན་ཤོ་དང་། སྐྱ་གྲིབ། ལྷན་སྐྱེས་སྙིང་ནད་ཕོག་པ་བཅས་ཀྱི་ནད་པ་དེ་བས་མང་བར་དུས་ཐོག་ཏུ་སྨན་བཅོས་བྱ་ཆེད། འདི་ལོའི་ཟླ་6པ་ནས་8པའི་བར། རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་དང་མཉམ་དུ་འབྲེལ་ཡོད་རོགས་སྐྱོབ་ལས་དོན་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་5ཚེས་29ནས་ཟླ་6ཚེས་5ཉིན་བར། ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་དང་ཡན་རན་ཕོ་ཉ་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་ཁ་ཤོ་རྐན་ཤོའི་བྱིས་པ་200ལྷག་ཙམ་བདམས་ནས། གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པ་86ལ་རིན་མེད་སྨན་བཅོས་བྱས་པ་དང་། དེ་གོང་གཤགས་བཅོས་བྱེད་མྱོང་བའི་བྱིས་པ་30ལ་བརྟག་དཔྱད་བྱས་པ། བྱིས་པ་20པེ་ཅིང་དུ་དབྱར་སྒར་བྱེད་སྒོར་ཞུགས་རྒྱུར་བདམས་ཡོད་པ་རེད།
དེ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། ཐེན་ཅིན་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ། ཐེན་ཅིན་གསོ་རིག་སློབ་ཆེན། གཞིས་རྩེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་བཅས་དང་མཉམ་དུ་མིག་ནད་སྨན་བཅོས་ཚོགས་པ་སྒྲིག་འཛུགས་བྱས་ནས། ཆབ་མདོ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་། དེ་བཞིན་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་། ལྷ་རྩེ་རྫོང་། ས་དགའ་རྫོང་། སྐྱིད་གྲོང་རྫོང་བཅས་སུ་བསྐྱོད་དེ་སྐྱ་གྲིབ་ནད་པ་2074བདམས་ནས་སྐྱ་གྲིབ་གཤགས་བཅོས་ཐེངས་483བྱས་པ་རེད།
རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་མང་ཚོགས་ལ་བརྩེ་སེམས་བཅངས་ནས་བྱ་བ་དངོས་བསྒྲུབ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། “དམིགས་ཡུལ་ལག་ལེན་བསྟར་ནས་དམངས་ལ་བདེ་སྐྱིད་བསྐྲུན་པའི”ཞིབ་ཕྲའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ། གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། དཀའ་གནད་དངོས་སེལ་བ་བཅས་བྱས་ཏེ། བྱ་བ་དངོས་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། ཞིབ་ཕྲ་ཅན་བཅས་སྔར་བས་ཐུབ་པར་བྱས་ཡོད་ཅེས་བཤད།