དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གསར་ཤོས་གསལ་འགྲེལ་བྱས་པ།

    རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་ལེན་བསྟར་ནས“ཡུན་རིང་འཇལ་ན་རྩིས་ཞུ་ཐེངས་མང་བྱེད་ཆོག་པའི”ལམ་སྲོལ་འཛུགས་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

    ཚེས་4ཉིན་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་སྲིད་ཇུས་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་དབང་ཕྱུག་རྡོ་རྗེས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་དང་། མ་དངུལ་གྲབས་གསོག་གི་སྲིད་ཇུས། ཐོབ་ཐང་འགན་ལེན་བཅས་ཐད་ནས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》གསལ་འགྲེལ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་སྲིད་གཞུང་གིས་ཁ་གསབ་སྤྲོད་པ་ཟུང་དུ་འབྲེལ་བའི་མ་དངུལ་གྲབས་གསོག་གི་ལམ་སྲོལ་ལག་ལེན་བསྟར་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ལོ་འཁོར་ལྟར་འཇལ་དགོས་ཤིང་། གཅིག་སྡུད་ཐོག་གྲོན་དངུལ་འཇལ་བའི་དུས་ཚོད་ནི་ལོ་རེའི་ཟླ་10ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པ་དང་། ཐོབ་ཐང་ལོངས་སྤྱོད་བྱེད་པའི་དུས་ཚོད་ནི་ལོ་རྗེས་མའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན། དེའི་ཁྲོད་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཆ་ཤས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ངང་རིམ་པ་མཐོ་བ་དང་དམའ་བའི་ཚད་གཞི་གཉིས་ནས་གཅིག་བདམས་ཏེ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ(དེའི་ནང་2022ལོའི་རང་ལྗོངས་ཀྱི་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་ནི་སྒོར་350དང་སྒོར་160ཡི་རིམ་པ་གཉིས་ཡིན)འཇལ་དགོས་པ་དང་། མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཞིར་བཟུང་ལོ་ལྟར་འགུལ་རྣམ་ལེགས་སྒྲིག་བྱེད་ཀྱི་ཡོད།

    དེ་དང་དུས་མཚུངས“ཡུན་རིང་འཇལ་ན་རྩིས་ཞུ་ཐེངས་མང་བྱེད་པའི”ལམ་སྲོལ་བཙུགས་ནས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་ལེན་བསྟར་བ་ནས་བཟུང་། འགན་བཅོལ་ནང་ཞུགས་མཁན་གྱིས་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་བསྟུད་མར་ལོ་10དང་དེ་ཡན་ལ་གྲོན་དངུལ་མཚམས་འཇོག་མེད་པར་འཇལ་བ་དང་། གྲོན་དངུལ་འཇལ་ནས་ལོ་10སོང་བའི་ལོ་ནས་བཟུང་སྨན་ཁང་དུ་ཞག་སྡོད་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་དེ་གདམ་ག་བྱས་པའི་གྲོན་འཇལ་གྱི་རིམ་པའི་ཐོབ་ཐང་གི་རྨང་གཞིའི་ཐོག་རྩིས་ཞུའི་བསྡུར་གྲངས་3%མཐོ་རུ་བཏང་ཡོད།

    འགན་ལེན་ཐད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་ཁང་དུ་ཞག་སྡོད་ཀྱི་སྤྱི་འདོམས་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར་ཁྲི་6ཡིན་པ་རེད། རིམ་པ་གཉིས་པ་དང་དེ་མན་དང་རིམ་པ་གསུམ་པའི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིའི་ཞག་སྡོད་སྨན་རིན་གྱི་སྤྱི་འདོམས་ཐེབས་རྩའི་ཐོག་མའི་གཏོང་སྤྲོད་ཚད་གཞི་ནི་སྒོར་200དང་སྒོར་400སོ་སོར་ཡིན་པ་དང་། ལོ་འཁོར་ནང་ཐེངས་གཉིས་པ་དང་། གསུམ་པ། དེའི་རྗེས་སུ་སྨན་ཁང་དུ་ཞག་སྡོད་བྱས་རིགས་ལ། སྨན་ཁང་དུ་ཐོག་མར་ཞག་སྡོད་བྱས་པའི་གཏོང་སྤྲོད་ཚད་གཞིའི་70%དང་50%གཞིར་བཟུང་སོ་སོར་ལག་ལེན་བསྟར་རྒྱུ་རེད། རིགས་གཅིག་པའི་ནད་གཞི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཞག་སྡོད་ཀྱི་སྨན་བཅོས་བྱས་རྗེས་སྨན་ཁང་ནས་དོན་ཏེ་ཉིན་15ནང་ཚུན་དུ་ཕྱོགས་གཉིས་ལ་སྨན་ཁང་བསྒྱུར་ནས་ཡང་བསྐྱར་སྨན་ཁང་དུ་སྡོད་དགོས་བྱུང་ཚེ་ཞག་སྡོད་ཀྱི་ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་བསྐྱར་དུ་བཟོ་དགོས་མེད། རང་ལྗོངས་ཀྱི་རིམ་པ་གཉིས་པ་དང་དེ་མན་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཞག་སྡོད་བྱེད་རིང་ཐོན་པའི་ལུགས་མཐུན་གྱི་སྨན་རིན་དེ་རིམ་པ་མཐོ་བ་དང་དམའ་བའི་གྲོན་དངུལ་འཇལ་བའི་རིམ་པར་གཞིགས་ནས་སྤྱི་འདོམས་ཐེབས་རྩ་དེ་90%དང་65%ཡི་བསྡུར་ཚད་ལྟར་སྤྲོད་དགོས། རང་ལྗོངས་ཀྱི་རིམ་པ་གསུམ་པའི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཞག་སྡོད་བྱེད་རིང་ཐོན་པའི་ལུགས་མཐུན་གྱི་སྨན་རིན་དེ་རིམ་པ་མཐོ་བ་དང་དམའ་བའི་གྲོན་དངུལ་འཇལ་བའི་རིམ་པར་གཞིགས་ནས་སྤྱི་འདོམས་ཐེབས་རྩ་དེ་85%དང་60%ཡི་བསྡུར་ཚད་ལྟར་སྤྲོད་དགོས། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་འགན་ལེན་ཐད། ས་ཁུལ(གྲོང་ཁྱེར)7གྱིས་གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་31སོར་འཇོག་ཟླ་སྒྲིལ་གཏོང་རྒྱུ་མ་ཟད། ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་མི་བཟོ་བར་དེ་ལས་ཐོན་པའི་ལུགས་མཐུན་གྱི་སྨན་རིན་དེ་རིམ་པ་མཐོ་བ་དང་དམའ་བའི་གྲོན་དངུལ་འཇལ་བའི་རིམ་པ་ལྟར་སྤྱི་འདོམས་ཐེབས་རྩ་ནས་90%དང་60%ཡི་བསྡུར་ཚད་ལྟར་སྤྲོད་རྒྱུ་དང་། ལོ་འཁོར་གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་དང་སྨན་ཁང་དུ་ཞག་སྡོད་ཀྱི་སྨན་རིན་ཟླ་སྒྲིལ་བཏང་ནས་རྩིས་རྒྱག་རྒྱུ་རེད། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་འགན་ལེན་ཐད། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་སྤྱི་འདོམས་ཐེབས་རྩའི་རྩིས་ཞུའི་ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་ནི་ལོ་འཁོར་ལ་བསྡོམས་སྒོར་50ཡིན་པ་དང་། དེ་ལས་ཐོན་པའི་ལུགས་མཐུན་གྱི་སྨན་རིན་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་བསྡུར་ཚད་ནི་60%ཡིན་པ། ལོ་འཁོར་གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་ནི་སྒོར་300བཅས་ཡིན་པ་དེ་སྨན་ཁང་དུ་ཞག་སྡོད་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལོ་འཁོར་གྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་ནང་འཇུག་རྒྱུ་མིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།