དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བསོད་ནམས་ཕུན་ཚོགས།

    ངལ་བ་ཁྱད་དུ་བསད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་ཆུང་དང་པོའི་ལོ་རིམ་ལྔ་པའི་འཛིན་གྲྭ་བདུན་པའི་སློབ་མ་བསོད་ནམས་ཕུན་ཚོགས་ནི་གཤིས་ཀ་བཟང་ལ་གཅེས་སེམས་ལྡན་པའི་ཕྲུ་གུ་ཞིག་རེད།

    སློབ་གྲྭའི་ནང་བསོད་ནམས་ཕུན་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་རྣམ་འགྱུར་ལེགས་པ་མ་ཟད། སློབ་གྲྭའི་ཕྱི་རོལ་དུ་ཁོ་པའི་སེམས་བཟང་དང་དཔའ་ངར་ལ་ཡང་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    2021ལོའི་ཟླ་8ཚེས་14ཉིན། བསོད་ནམས་ཕུན་ཚོགས་ཀྱིས་སྒོ་རའི་ནང་དུ་གློག་སྐུད་ཅིག་ཟགས་ཡོད་པ་མཐོང་། “གལ་ཏེ་གློག་སྐུད་དེ་ཐག་གཅོད་བྱེད་མཁན་མེད་ཚེ་མི་གཞན་དག་འགྲོ་འོང་བྱེད་དུས་གློག་འཁྱུད་སྲིད་པའི”བསམ་བློ་ཡང་ཡང་འཁོར། དེས་ན་ཁོ་པས་བདེ་འཇགས་ཤེས་བྱ་སྦྱངས་པ་བརྒྱུད། དབྱུག་པ་ཞིག་བཙལ་ནས་གློག་སྐུད་དེ་སྤོ་རྩིས་བྱས། སྐབས་དེ་དུས་ཞེད་སྣང་དངངས་སྐྲག་དབང་གིས་དབྱུག་པ་དེ་རློན་པ་ཡིན་པ་ཚོར་མེད་སྟབས་བསོད་ནམས་ཕུན་ཚོགས་སྟབས་མི་ལེགས་པར་གློག་འཁྱུད་ནས་རྐང་ལག་ལ་རྨས་སྐྱོན་ཆེན་པོ་ཕོག་པ་རེད།

    སྨན་ཁང་དུ་མྱུར་སྐྱོབ་བྱེད་སྐབས་བསོད་ནམས་ཕུན་ཚོགས་ཀྱིས་མིག་ཆུ་མ་བཏང་བར་འཛུམ་དམུལ་དམུལ་ངང་སྨན་པར“སྟབས་ལེགས་པ་ཞིག་ལ་ང་གཅིག་པུར་མ་གཏོགས་རྨས་སྐྱོན་ཕོག་མེད”ཅེས་བཤད།

    ད་ཆ་བསོད་ནམས་ཕུན་ཚོགས་ཀྱི་དཔུང་པ་དང་ལག་པར་རྨ་རྗེས་ཆེན་པོ་ཞིག་ལུས་ཡོད། ཐོག་མར་ཁོ་པས་རྨ་རྗེས་དེ་དག་ཉེས་པོ་ཡོད་པས་གྲོགས་པོ་གཞན་གྱིས་མཐོང་ན་སྐྲག་གི་རེད་སྙམ་ནས་རྦད་དེ་ལག་ཤུབས་གོན་ནས་སྡོད་ཀྱི་ཡོད། དགེ་རྒན་གྱིས་ཤེས་རྗེས་ཁོ་པར་སློབ་གསོ་བརྒྱབ་ནས་དེ་ནི་དཔའ་བོའི་གཟེངས་རྟགས་ཡིན་པས་དེར་སྐྲག་མི་སྲིད། དེ་ལས་ལྡོག་སྟེ་ཚང་མས་གཟི་བརྗིད་དུ་བརྩི་བ་དང་སྤོབས་པ་སྐྱེ་སྲིད་པས་རང་དམན་བྱེད་དགོས་མེད་ཅེས་བཤད། དེ་ནས་བཟུང་བསོད་ནམས་ཕུན་ཚོགས་ཀྱིས་རང་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ང་འགྱོད་པ་མེད། རྗེས་སུ་གནས་ཚུལ་དེ་འདྲ་འཕྲད་སྐབས་ངས་ད་དུང་ཐེ་ཚོམ་སྤུ་ཙམ་མེད་པར་མདུན་དུ་སྐྱོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།