དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མའེ་ཡུས་ཤོན།

    ​སྦྱངས་བརྩོན་ཆེ་ལ་ཡ་རབས་ཀུན་སྤྱོད་བཟང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-28

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་ལོ་རིམ་གསུམ་པའི་འཛིན་གྲྭ(4)པའི་མའེ་ཡུས་ཤོན་ནི་བློ་བག་ཡངས་པ་དང་ཕྱོགས་ཡོངས་ཡར་རྒྱས་ཀྱི་ན་ཆུང་ཡག་པོ་ཞིག་ཡིན་ཞིང་། མཉམ་སྡེབ་ལ་སེམས་ཁུར་དང་། སློབ་སྦྱོང་ལ་ཧུར་བརྩོན། སྦྱངས་འབྲས་ལེགས་པ། ཕྱོགས་ཡོངས་ཡར་རྒྱས། འཇོན་ཐང་ཆེ་བ་བཅས་ཡོད་པས་སློབ་གྲྭ་གཅིག་པའི་དགེ་སློབ་ཚང་མས་ངོ་ཤེས་ཀྱི་ཡོད། དགེ་རྒན་གྱི་མིག་ནང་ཁོ་མོ་ནི་རང་བཀུར་རང་འབད་དང་ཕུགས་བསམ་ལྡན་པའི་ན་གཞོན་ཞིག་དང་། སློབ་གྲོགས་ཚོའི་མིག་ནང་ཁོ་མོ་ནི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་དང་སློབ་སྦྱོང་ལ་དགའ་ཞིང་ཡར་རྒྱས་བརྩོན་ལེན་བྱེད་པའི་རོགས་ཟླ་ཡག་པོ་ཞིག ཕ་མའི་མིག་ནང་ཁོ་མོ་ནི་རྒན་བཀུར་གཞོན་གཅེས་ཀྱི་ཕྲུ་གུ་ཞིག ཁྱིམ་མཚེས་ཀྱི་མིག་ནང་ཁོ་མོ་ནི་ཟོལ་མེད་ཡིད་རྟོན་ལྡན་པ་དང་སྤྱི་ཕན་ལ་དགའ་བའི་སྤྱི་དམངས་ཆུང་ཆུང་ཞིག་རེད།

    མའེ་ཡུས་ཤོན་གྱིས་ཧུར་བརྩོན་ཡར་ཐོན་བྱས་པ་བརྒྱུད་ཕུལ་བྱུང་སློབ་མ་ཞིག་ཏུ་གྱུར་ནས་2021ལོ་དང་2022ལོར“བཟང་པོ་གསུམ་ལྡན་གྱི་སློབ་མར”བདམས་པ་དང་2021ལོར“ཕུལ་བྱུང་སློབ་མའི་ལས་བྱེད་པའི”མཚན་སྙན་ཐོབ་ཡོད།

    དེ་དང་ཆབས་ཅིག་མའེ་ཡུས་ཤོན་སློབ་གྲྭས་སྒྲིག་འཛུགས་བྱས་པའི་འགྲན་བསྡུར་སྣ་ཚོགས་ནང་ཧུར་ཐག་ཞུགས་པར་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་ཅིང་། དེ་སྔ་གསར་བརྗེའི་གླུ་གཞས་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་དང་བྱིས་པའི་དུས་ཆེན་གྱི་ཞབས་བྲོའི་འཁྲབ་སྟོན་གྱི་བྱ་དགའ་རིམ་པ་གཉིས་པ། དེ་བཞིན་དཔེ་ཀློག་འགྲན་བསྡུར་གྱི་དམིགས་བསལ་བྱ་དགའ་སོགས་ཐོབ་ཡོད། གཞན་ཡང་། མའེ་ཡུས་ཤོན་གྱིས་ད་དུང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རིང་གྲུབ་འབྲས་གཟེངས་སུ་ཐོན་པས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་མིག་དཔེའི་ན་ཆུང”ལ་བདམས་ཡོད།

    ཁྱིམ་དུ་མའེ་ཡུས་ཤོན་གྱིས་རྒན་རབས་ལ་གུས་བཀུར་དང་ཕ་མར་བསྙེན་བཀུར་བྱེད་ཀྱི་ཡོད། མའེ་ཡུས་ཤོན་ནི་ཧ་ཉིད་གོ་བ་དང་དྲིན་ཚོར་གྱི་ཕྲུ་གུ་བཟང་པོ་ཞིག་ཡིན་ཞིང་། རྒྱུན་དུ་ཁོ་མོས་ལས་བྲེལ་ཆེ་བའི་ཕ་མ་གཉིས་ལ་རོགས་རམ་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་ནང་ལས་བྱེད་པ་དང་འབྲེལ་ལོ་ན་ཆུང་བའི་གཅུང་པོ་དང་གཅུང་མོར་ལྟ་རྟོག་བྱེད་ཀྱི་ཡོད།

    མའེ་ཡུས་ཤོན་སྤྱི་ཕན་ལ་དགའ་བ་དང་རྒན་རྒོན་ལ་གཅེས་སེམས་ཆེ་བས་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རྒན་གསོ་ཁང་གི་དང་བླངས་ཞབས་ཞུའི་སྤྱི་ཕན་བྱེད་སྒོར་དུས་བཀག་ལྟར་ཞུགས་ཏེ། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒན་བཀུར་གཞོན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་མངོན་པར་བྱས་པས་སློབ་གྲོགས་ཚོས་ཁོ་མོར“སྤྱི་ཕན་སྲུང་དམག་ཆུང་ཆུང”ཞེས་འབོད་ཀྱི་ཡོད།

    མའེ་ཡུས་ཤོན་ནི་སློབ་གྲྭའི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཡིན་ལ། ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།