དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • གུང་གསེང་འཚོ་བ་དོན་དང་ལྡན། ལང་ཚོའི་གཏམ་རྒྱུད་རྣ་བར་སྙན།

    —— སློབ་མའི་དབྱར་གསེང་འཚོ་བའི་མཐོང་ཐོས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-11

    འདི་ནི་ཕྲུ་གུ་ཚོས་ལུས་སྦྱོང་བྱེད་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་ཕོ་བྲང་དུ་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་རོལ་མོ་དང་མིག་མངས་ཡིག་གཟུགས་རི་མོའི་སྒྱུ་རྩལ་ལྟེ་གནས་སུ་རོལ་ཆ་དགུ་སྒྲེང་སྦྱོང་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་ཕོ་བྲང་དུ་ལ་ཏིང་ཞབས་བྲོ་སྦྱོང་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་རོལ་མོ་དང་མིག་མངས་ཡིག་གཟུགས་རི་མོའི་སྒྱུ་རྩལ་ལྟེ་གནས་སུ་ཀང་ཆིན་སྦྱོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུས་བཞི་བཀྲ་ཤིས་གྲོང་ཚོར་ཕྲུ་གུ་ཚོས་ལུས་རྩལ་ཐང་དུ་རྩེད་མོ་རྩེ་བཞིན་པ།

    ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པ་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དབྱར་ཁའི་གུང་གསེང་ཡིན་པས། གསར་འགོད་པས་དབྱར་ཁའི་གུང་གསེང་རིང་སློབ་ཕྲུག་དང་། ཁྱིམ་བདག འབྲེལ་ཡོད་ཚན་པ་བཅས་ལ་བཅར་འདྲི་བྱས་ཏེ། ཚང་མར་ཕྲུ་གུ་ཚོའི་སྣ་མང་ཕུན་སུམ་ཚོགས་པའི་དབྱར་ཁའི་གུང་གསེང་གི་འཚོ་བ་ངོ་སྤྲོད་བྱེད་པར་འདོད།

    དགའ་ཞེན་ནི་དགེ་རྒན་ཡག་ཤོས་དེའོ།

    “ཕྲུ་གུ་རྣམས་ལ་སྤྲོ་སྣང་དོད་ལ་ཕུན་སུམ་ཚོགས་པའི་གུང་གསེང་ཞིག་ཇི་ལྟར་གཏོང་དུ་འཇུག་དགོས་སམ” དེ་ནི་ཁྱིམ་བདག་མང་པོས་གླེང་བའི་བརྗོད་གཞི་ཞིག་རེད་ལ། སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གླེང་གཞི་ཞིག་ཀྱང་རེད།

    དགའ་ཞེན་ནི་དགེ་རྒན་ཡག་ཤོས་དེ་ཡིན་པས་སྦྱང་བྱའི་གནས་ལ་དགའ་ཞེན་ཡོད་ན་གཞི་ནས་ཡག་པོ་སྦྱོང་ཐུབ། དེས་ན་ཕྲུ་གུ་ཚོར་རང་ཉིད་ཀྱི་དགའ་ཞེན་ཡོད་པའི་ལས་ཀ་བྱེད་དུ་འཇུག་པ་ནི་དབྱར་གསེང་འཚོ་བའི་འདམ་ག་ཡག་ཤོས་སུ་གྱུར་ཡོད།

    སློབ་མའི་ཁྱིམ་བདག་སྒྲོལ་མས“ངའི་ཕྲུ་གུ་སློབ་དུས་རྗེས་མར་ལོ་རིམ་ལྔ་པར་འགྲོ་མཁན་རེད། དབྱར་གསེང་འཆར་ལ་ཉེ་བའི་སྐབས་ནས། ངས་ཕྲུ་གུའི་དབྱར་གསེང་གི་འཚོ་བ་བཀོད་སྒྲིག་ཇི་ལྟར་བྱེད་དགོས་མིན་ཐད་བསམ་གཞིག་བྱས་ཚར། དབྱར་གསེང་རིང་ནི་ལྷ་སའི་གནམ་གཤིས་སྐྱིད་པའི་སྒང་རེད། གུང་གསེང་རིང་པོ་མེད་པས་ལྷ་སར་སྡོད་པའི་ཐག་བཅད་པ་ཡིན། ཕྲུ་གུའི་བསམ་འཆར་དང་བསྟུན་ནས་ངས་དགའ་དད་འཛིན་གྲྭ་2དང་། ཡིག་གཟུགས་འཛིན་གྲྭ་1 ཆུ་རྐྱལ་འཛིན་གྲྭ་1བཅས་ལ་ཐོ་བཀོད་ཡོད། ཕྲུ་གུའི་ཁྱད་ཆོས་དང་དགའ་ཕྱོགས་འཕེལ་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཚང་མར་ཕུལ་དུ་བྱུང་བའི་བུ་ཕྲུག་ཅིག་ཆགས་ཐུབ་པའི་རེ་བ་ཡོད”ཅེས་གསར་འགོད་པར་ཕྲུ་གུའི་དབྱར་གསེང་གི་འཚོ་བ་ངོ་སྤྲོད་བྱས།

    སྒྲོལ་མས་ཕྲུ་གུའི་དགའ་དད་འཛིན་གྲྭར་གཟའ་འཁོར་གཅིག་ལ་ཁྱོན་ཚོགས་ཐེངས་4ཡོད། དེ་བྱིངས་ཀྱི་ཉིན་གསུམ་པོ་ཕྲུ་གུའི་འདོད་མོས་ལྟར་བཀོད་སྒྲིག་བྱས་ཡོད། “ངའི་བསམ་པར་སློབ་སྦྱོང་དང་རྩེད་མོ་བཀོད་སྒྲིག་འོས་འཚམ་བྱུང་ན། གྲུབ་འབྲས་ཡག་པོ་ཐོན་ངེས་རེད་སྙམ་གྱི་འདུག”ཅེས་བཤད།

    དབྱར་གསེང་འཚོ་བས་ཧ་གཉིད་གོ་བར་གྱུར།

    ཨ་ཅག་ཝང་གི་བུ་མོ་ཝང་དབྱི་རན་དབན་ཏ་ཚོང་རའི་དབྱངས་བཞི་དཔེ་ཁང་དུ་གླ་པ་བྱེད་བཞིན་ཡོད་པ་དང་། འདི་ག་ནས་དཔེ་དེབ་ལྟ་ཞོར་དུ་དངུལ་ཡང་ཕྲན་བུ་གསོག་ཐུབ་པས་ཝང་དབྱི་རན་གྱི་ངོས་ནས་བརྗོད་ན་གཅིག་གོ་ཉིས་ཆོད་རང་རེད།

    དཔེ་ཁང་དུ་ཝང་དབྱི་རན་གྱིས་དཔེ་དེབ་གཅིག་ལག་ཏུ་འཁྱེར་བཞིན“ཆུང་དུས་ཕ་མ་གཉིས་པོས་ང་དཔེ་ཁང་དུ་ཁྲིད་ནས་སྦྱོང་ཚན་འབྲི་བ་དང་དཔེ་དེབ་ལྟ་རུ་འཇུག་གི་ཡོད། སྐབས་རེ་ངའི་འགྲམ་དུ་བཞུགས་ནས་ང་ལ་ཡི་གེ་སློབ་པ་དང་སྒྲུང་ཤོད་པ་སོགས་གནང་གི་ཡོད། ང་ད་ལྟ་དམའ་འབྲིང་ལོ་རིམ་གཉིས་པ་ཡིན། ངས་དཔེ་དེབ་བལྟས་ཏེ་ཁྱིམ་དུ་སླེབས་རྗེས་ཁོ་ཚོར་སྒྲུང་ཤོད་འདོད་ཡོད”ཅེས་བཤད།

    དཔེ་དེབ་མང་པོ་བལྟས་པའི་དབང་གིས་ཡིན་ནམ་ཅི། གང་ལྟར་ཝང་དབྱི་རན་ལོ་མཉམ་གྱི་ཕྲུ་གུ་དང་བསྡུར་ན་བསམ་ཤེས་ཐོངས་ལ་བབ་བརླིང་དང་ལྡན་པ་ཞིག་འདུག ཁོ་མོས“དཔེ་དེབ་ལྟ་བ་ནི་སྣང་བ་སྐྱིད་པའི་བྱ་བ་ཞིག་རེད། ལྟ་ཀློག་ལས་བྱུང་བའི་སྤྲོ་སྣང་ངས་གཞན་ལ་མཉམ་སྤྱོད་བྱེད་ཀྱི་ཡོད། སློབ་གྲྭ་ཐོན་རྗེས་ངས་དཔེ་ཁང་ཞིག་བཙུགས་ཏེ། ཚང་མས་དཔེ་དེབ་མང་ཙམ་བལྟས་ནས་སྤྲོ་སྣང་ཕན་ཚུན་མཉམ་སྤྱོད་བྱེད་པའི་རེ་བ་ཡོད”ཅེས་བཤད།

    འདམ་ག་མང་པོས་འཚོ་བར་སྤྲོ་སྣང་སྦྱིན།

    དབྱར་གསེང་གི་འཚོ་བ་ནི་དུས་ཡུན་རིང་པོ་ཞིག་ཡིན་ངེས་ལ་དུས་ཡུན་ཐུང་ཐུང་ཞིག་ཀྱང་ཡིན་ངེས། གསར་འགོད་པས་བཅར་འདྲི་བྱེད་རིང་ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུར་སྦྱོང་ཚན་མང་པོ་བཀོད་སྒྲིག་བྱས་མེད་ལ། ཕྱིར་སྐྱོད་པའི་དུས་ཚོད་ཀྱང་མང་པོ་བཀོད་སྒྲིག་བྱས་མེད་པར། ཕྲུ་གུ་རྣམས་ཁྱིམ་དུ་རང་འདོད་ལྟར་དབྱར་གསེང་གི་འཚོ་བར་རོལ་ཏུ་འཇུག་པ་ཤེས་བྱུང་།

    “ང་ཚོས་ཕྲུ་གུར་གྲོས་འགོ་ཁ་ཤས་བཏོན་པ་སྟེ། དཔེར་ན། རྟེན་མཛོད་ཁང་དུ་ལྟ་སྐོར་དང་རྒན་གསོ་ཁང་གི་རྒན་རྒོན་ལ་འཚམས་འདྲི་སོགས་བྱས་ཏེ། ཕྲུ་གུ་ཚོར་རང་ཉིད་ཀྱི་དགའ་པོ་ཡོད་པའི་ལས་ཀ་བྱེད་དུ་འཇུག་གི་ཡོད། ངའི་བུ་མོ་སེམས་བཟང་པོ་ཡོད། བྱས་ཙང་ངས་བུ་མོར་རྒན་གསོ་ཁང་དུ་འགྲོ་བའི་གྲོས་འགོ་འདོན་སྐབས། བུ་མོས་ལམ་སེང་མོས་མཐུན་བྱས་བྱུང”ཞེས་ཨ་ཅག་རྡོ་ལགས་ཀྱིས་གསར་འགོད་པར་བཤད།

    དཔེ་དེབ་ཁྲི་ཕྲག་བཀླགས་པ་ལས་ལམ་ཐག་ལེ་དབར་ཁྲི་ཕྲག་བསྐྱོད་ན་དགའ། རིག་པས་བསྐོར་བའི་འགྲུལ་བཞུད་ནི་ཕྲུ་གུའི་མི་ཚེའི་ཁྲོད་ཀྱི་སློབ་ཚན་གལ་ཆེན་ཞིག་རེད། དེ་ནི་ཕྲུ་གུ་ཚོས་སློབ་ཁང་དང་དཔེ་དེབ་ནས་སྦྱངས་པ་དག་ལག་ལེན་དུ་བསྟར་བའི་ཐབས་ལམ་ནུས་ལྡན་གྱི་གྲས་ཤིག་རེད། “གངས་ལྗོངས་སྐར་མའི་གོ་ལའི”གནམ་དཔྱད་ཉམས་ལེན་ཁང་དུ་ཕྲུ་གུ་ཁྲིད་ནས་ལྟ་སྐོར་བྱེད་བཞིན་པའི་སྐུ་ཞབས་ཀྲང་གིས་གསར་འགོད་པར“ད་ལྟ་ངའི་ཕྲུ་གུ་ལྷ་ས་གྲོང་ཁྱེར་སྣེའུ་དམའ་འབྲིང་འགྲིམ་བཞིན་ཡོད། སློབ་དུས་རྗེས་མར་ལོ་རིམ་བདུན་པར་སླེབས་ཀྱི་ཡོད། ན་ནིང་སློབ་གྲྭས་ཁོ་ཚོ་སྒྲིག་འཛུགས་བྱས་ཏེ། གནམ་དཔྱད་ཉམས་ལེན་ཁང་དུ་སྤེལ་བའི་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་ལག་ལེན་བྱེད་སྒོར་ཞུགས་པ་རེད། ད་རེས་བརྩིས་ན་ང་ཚོ་འདི་གར་ཡོང་ཐེངས་བཞི་པ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།