ཁ་ཆེ་ཕ་ལུར་བསྟན་པའི་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་ལ་ཅུང་ཟད་གླེང་བ།
མི་རྣམས་ཀྱིས་རྟག་ཏུ་ཁྱིམ་ཚང་སློབ་གསོ་ནི་ཕྲུ་གུ་གཅུན་རྒྱུ་འདི་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལྟ་ཚུལ་དེ་རིགས་མ་འགྲིག་པ་ཞིག་མིན་ཀྱང་ཆ་ཚང་བ་དང་ཚན་རིག་དང་མཐུན་པ་ཞིག་མ་རེད་སྙམ། མིང་ལ་བལྟས་ན་དོན་ཤེས་ཟེར་བའི་དཔེ་ལྟར་ཁྱིམ་ཚང་སློབ་གསོ་ནི་མི་རབས་གོང་མས་མི་རབས་རྗེས་མར་སྤེལ་བ་ཞིག་ཡིན་ཟེར་ཡང་ཆོག ཁྱིམ་ཚང་གི་འཚོ་བར་རྒན་རབས་ཚོ་དང་ཁྱིམ་བདག་གིས་རང་གི་བུ་ཕྲུག་དང་ཡང་ན་ལོ་གཞོན་པར་ཁ་ཏ་བསླབ་བྱ་བྱས་ནས་ཟ་སྟངས། སྡོད་སྟངས། འགྲོ་སྟངས་སློབ་ཀྱི་ཡོད་པས་འདི་ལ་མི་རྣམས་ཀྱི་ལྷན་སྐྱེས་རྣམ་པའི་ཁྲོད་དུ་སོང་ནས་ཐོག་མའི་འགོ་ཚུགས་ས་ཁྱིམ་ཚང་ནས་བཙལ་ཆོག ཡང་ན་ཕུན་སུམ་ཚོགས་པ་དང་ཀུན་སྤྱོད་ལྡན་པའི་རྣམ་པའི་ཁྲོད་དུ་སོང་ནས་བཙལ་ཀྱང་ཆོག དེར་བརྟེན་གུས་མོས《ཁ་ཆེ་ཕ་ལུའི》བསླབ་བྱས་ཁྱིམ་ཚང་སློབ་གསོར་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ཐད་ཕ་མ་བུ་ཕྲུག་དབར་གྱི་འོས་འགན་གྱི་རང་བཞིན་དང་། ཤེས་ཡོན་གལ་ཆེར་འཛིན་དགོས་ཚུལ། དེ་བཞིན་བུ་ཕྲུག་གི་བསམ་བློ་ཀུན་སྤྱོད་སྐོར་བཅས་ཀྱི་ཕྱོགས་ནས་བསླབ་བྱ་དེས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་ཁྱིམ་ཚང་སློབ་གསོར་ཁྲིད་སྟོན་ནུས་པ་ཇི་འདྲ་ལྡན་ལུགས་ཅུང་ཞིག་གླེང་བར་བྱ།
གཅིག ཕ་མ་བུ་ཕྲུག་དབར་གྱི་འོས་འགན་གྱི་རང་བཞིན་གླེང་བ།
སྤྱིར་འོས་འགན་ཟེར་བ་ནི་མི་རྣམས་ཀྱིས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་ལ་ཟེར་བ་དང་། འཇིག་རྟེན་དུ་འཚོ་སྡོད་བྱེད་མཁན་གྱི་སྐྱེ་བོ་རྣམས་ལ་རང་རང་འོས་བབ་ཀྱི་འགན་འཁྲི་རེ་བགོ་སྐལ་དུ་སྨིན་པ་བཞིན་ཁྱིམ་ཚང་གི་ཕ་མ་ཞིག་ལ་ཆ་མཚོན་ན། རང་ཉིད་ཀྱི་བུ་ཕྲུག་སྤྱོད་ཡོན་གཉིས་ལྡན་དུ་འཚར་ལོངས་ཡོང་བ་དང་ཁྱིམ་གཞིའམ་ཁྱིམ་སྲོལ་བཟང་པོ་ཞིག་འཛུགས་པ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བའི་འོས་འགན་ཞིག་རེད་སྙམ། གང་ལགས་ཤེ་ན། ཕ་མས་རང་ཉིད་ཀྱི་བུ་ཕྲུག་ལ་ལྟོ་གོས་སྟེར་བ་ཙམ་གྱིས་ལས་འགན་འགྲུབ་པ་མ་ཡིན་ཏེ། བུ་ཕྲུག་གི་ལུས་སེམས་དང་སྤྱོད་ཡོན་གྱི་སྐྱོན་བྲལ་འཚར་ལོངས་ལ་འགན་འཁུར་བ་དང་ཆ་རྐྱེན་སྐྲུན་དགོས། དེ་ཡང“གང་ཞིག་གསེར་གྱི་རི་ལ་བརྟེན་བྱས་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གང་ཞིག་དུག་གི་རི་ལ་བརྟེན་བྱས་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་དུ་འགྱུར”ཞེས་པ་ལྟར། ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཞིག་གཉེར་བ་ལ་ཐོག་མར་ཕ་མའི་བསམ་བློའི་འཁྱེར་སོ་དང་སྤྱོད་ལམ། ཁྱིམ་ཚང་གི་འཚོ་བ་སྐྱེལ་སྟངས་སོགས་ཡ་རབས་ཚུལ་མཐུན་ཞིག་དགོས་ཏེ། ཕྲུ་གུས་མིག་ལྟ་བའམ་ཤུགས་རྐྱེན་གྱི་ཁྲོད་དུ་སློབ་གསོ་ཐེབས་པའི་ནུས་པ་ཆེན་པོ་ལྡན་པའི་ཁྱིམ་མི་རྣམས་འཆམ་མཐུན་དང་ཡ་རབས་སྤྱོད་བཟང་ལྡན་པ། ཁ་བཤད་ལག་བསྟར་ཐུབ་པ། ལས་ལ་བརྩོན་ཞིང་ཤེས་ཡོན་ལ་དགའ་ཞེན་ཡོད་པ། དཀའ་སྤྱད་སྙིང་རུས་ཆེ་བ་བཅས་ཀྱི་ཁྱིམ་སྲོལ་བཟང་པོ་ཞིག་ལྡན་ཚེ། ཁྱིམ་ཚང་དེའི་ཕྲུ་གུ་ཡང་སྤྱིར་ན་སློབ་སྤྱོང་ལ་དགའ་ཞེན་དང་། རང་འགུལ་ཆེ་བ། སེམས་ཤུགས་དང་ལྡན་པ། ཀུན་སྤྱོད་ཚུལ་མཐུན་ཞིག་ཡོང་བར་ཕན་ཡོད་ཀྱི་བག་ཆགས་བཟང་པོ་འཇགས་ཐུབ།
ཕ་མ་འགའ་ཞིག་གིས་ཕྱོགས་གང་ཅིའི་ཐད་ནས་རང་ཉིད་ཀྱི་ཕྲུ་གུའི་འདོད་བློ་སྐོང་གང་ཐུབ་བྱས་ནས་གཅེས་ལང་དུ་གཏོང་ཐལ་ཆེ་བ་སྟེ། 《ཁ་ཆེ་ཕ་ལུ》ལས། “ཕྲུ་གུ་ཆུང་དུས་ཕ་མའི་མགོ་རུ་སྡོད། །ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་། །ཁ་ལ་མ་བསྟེར་དགུ་སྟེར་ཨ་མས་སྟེར། །ལུས་ལ་མི་གཡོག་དགུ་གཡོག་ཨ་མས་གཡོགས། །ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག །དེ་འདྲས་མི་གསོད་བྱས་ནས་ཕུང་བ་མང་། །དེ་འདྲས་རྟ་འཁྱེར་བྱས་ནས་བྲོས་པ་མང་། །ཨ་མས་སྡུག་སྙིང་མནན་ནས་མ་བསྡད་ན། །ཨ་མས་ཕྲུ་གུ་རླུང་ལ་བསྐུར་ཡོང་ངོ”ཞེས་པ་ལྟར། ཕ་མ་ལ་ལས་ཕྲུ་གུའི་སློབ་སྦྱོང་ཁོ་ན་གཙིགས་སུ་བཟུང་ནས་ཁྱིམ་གྱི་ལས་ཀ་ཙག་ཙིག་ཡེ་ནས་བྱེད་དུ་མི་འཇུག་པ། མི་གཞན་གྱི་མདུན་དུ་རང་ཉིད་ཀྱི་བུ་ཕྲུག་གཉའ་དམའ་པོ་མི་ཡོང་བའི་ཆེད་ཁྱིམ་ཚང་གི་འཚོ་བ་ལ་དཀའ་ངལ་ག་ཚོད་ཡོད་རུང་། རང་ཉིད་ཀྱི་ཟ་མཁས་འཐུང་མཁས་བྱས་ཏེ་ཕྲུ་གུ་ཚོར་ཟས་རིགས་ཞིམ་པོ་སྣ་ཚོགས་དང་གྱོན་ཆས་དཔེ་གསར་དང་སྤུས་ཀ་གང་ཡག་གཡོགས་པ་སོགས་ལས། དོན་དུ་དེ་འདྲ་བྱས་ན་དགེ་ལས་སྐྱོན་ཆེ་བ་སྟེ། གཅིག་ནས་བུ་ཕྲུག་ཚོས་བབ་ཆགས་ཀྱི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་སྐབས་མིན་གྱོན་ཆས་ལ་དང་དོད་དང་འཚོ་བ་རྒྱས་སྤྲོས་ཀྱི་གོམས་གཤིས་འཇགས་ཏེ་ཕ་མ་གཉིས་ལ་དཀའ་ལས་ཁག་པོ་བཟོ་བ། གཉིས་ནས་ངལ་རྩོལ་ལ་མི་དགའ་ཞིང་སྒྱིད་ལུག་ཆེ་བ། དཀའ་ལས་རྒྱག་མི་དགོས་པར་འཚོ་བ་སྐྱིད་པོ་སྐྱེལ་འདོད་པ། བྱ་བ་ཆེ་ཆུང་ཚང་མ་ཕ་མར་བསྙེས་ཏེ་རང་རྐྱ་མི་འཕེར་བ། བླང་དོར་གྱི་གནས་མི་ཤེས་པ། གསུམ་ནས་ཕ་མའི་ངལ་རྩོལ་གྱི་འབྲས་བུར་མཐོང་མི་བྱེད་པ། དངོས་པོའི་ལོངས་སྤྱོད་ཀྱི་བསླུ་བྲིད་ལ་ཞེན་ཆགས་ཇེ་ཆེར་ཕྱིན་ཏེ་ནམ་ཞིག་འདོད་བློ་མི་ཁེངས་པར་རྐུ་རྒྱག་རྫུན་བཤད་ཀྱི་ལམ་དུ་ཤོར་ཉེན་ཆེ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེར་བརྟེན་ཕ་མས་བུ་ཕྲུག་གཅེས་ལང་དུ་མི་གཏོང་བར་ཆུང་དུས་ནས་གྲོན་ཆུང་བསྲི་ཚགས་དང་། ཡིད་ལུགས་ཚུལ་མཐུན། དཀའ་སྤྱད་བབ་ཆགས་ཀྱི་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་ཐབས་བྱེད་དགོས།
གཉིས། ཤེས་ཡོན་གལ་ཆེར་འཛིན་པའི་སྐོར།
ཤེས་ཡོན་ཧ་ཅང་དར་བའི་དེང་སྐབས་ཀྱི་སྤྱི་ཚོགས་འདིར་ཤེས་ཡོན་གྱི་གལ་ཆེའི་རང་བཞིན་དང་ནུས་པ་སོགས་ནི་ཚང་མས་ཤེས་གསལ་ལྟར་ཡིན་ཏེ། 《ཁ་ཆེ་ཕ་ལུའི་བསླབ་བྱ》ལས། “ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། །ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། །ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་སྐྱོལ། །མེས་པོའི་ཡི་གེ་སྟག་གདན་སྟེང་དུ་འཇོག ། ཡིག་ཡོད་མིག་ཡོད་མཁས་པའི་སྤྲུལ་པའི་རྒྱུད། །ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད”ཅེས་ཤེས་བྱ་ཡོན་ཏན་གྱི་གལ་ཆེའི་རང་བཞིན་བརྗོད་པ་ལས། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་ཞེས་ཕྲུ་གུར་ཡི་གེ་བསླབ་ནས་ཤེས་བྱ་ཡོན་ཏན་བརྒྱུད་སྤྲོད་ཐུབ་པ་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་། དེ་ནི་བདེ་སྐྱིད་དང་ལོངས་སྤྱོད་ཚང་མའི་འབྱུང་གཞི་ཡིན་ཞིང་། དེས་རང་གི་འདོད་པ་ཅི་ཡང་སྐོང་ནུས་པའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཞིག་དང་མཚུངས་པས་མི་རྣམས་ཀྱིས་ཤེས་ཡོན་གལ་ཆེར་འཛིན་དགོས་པ་བསྟན་ཡོད།
སྤྱི་ཚོགས་ཀྱི་མི་ཤེས་བྱ་ཡོན་ཏན་ཡོད་པ་དང་མེད་པ་གཉིས་ལ་ཆ་མཚོན་ན་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད། དེ་ཡང་ཁྱིམ་ཚང་སོ་སོའི་གནས་བབ་དང་ཆ་རྐྱེན། དེ་བཞིན་ཤེས་ཡོན་ལ་འཛིན་པའི་རྣམ་འགྱུར་ལ་སོགས་ལས་ང་ཚོས་གསལ་པོ་ཞིག་རྟོགས་ཐུབ་སྟེ། ཕ་མ་ཉུང་ཤས་ཀྱིས་བུ་ཕྲུག་ལ་སློབ་གྲྭར་སོང་ན་འགྲོ་སོང་མང་པོ་འགྲོ་བ། ཁྱིམ་དུ་བསྡད་ན་འགྲོ་སོང་མ་ཕྱིན་པར་ད་དུང་ཚུར་ཡོང་འབབ་མང་བ་སོགས་ཀྱི་གནས་ལུགས་གླེང་མཁན་ཡང་ཡོད་པ་དང་། ཕ་མ་མི་ཉུང་བས་རང་ཉིད་ལ་ཤེས་ཡོན་མེད་སྟབས་དེང་སྐབས་སྤྱི་ཚོགས་སུ་རང་ཉིད་ཀྱི་གནས་བབ་གང་འདྲ་ཞིག་ཡིན་མིན་དང་དེ་བཞིན་ཤེས་ཡོན་གྱི་གལ་ཆེའི་རང་བཞིན་སོགས་ཤེས་རྟོགས་བྱུང་ནས་རང་ཉིད་སློབ་གྲྭར་འགྲོ་འདོད་ཀྱང་གོ་སྐབས་མ་བྱུང་སྟབས། དེང་སྐབས་ཀྱི་དུས་བཟང་འདིར་རང་ཉིད་ཀྱི་བུ་ཕྲུག་རྣམས་སླར་ཡང་བསྐྱར་ཟློས་ཀྱི་ལམ་བུར་མ་བཏང་བར་བུ་ཕྲུག་ཚོའི་ཆེད་དུ་རང་ཉིད་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་ཁྱད་དུ་བསད་ནས་བུ་ཕྲུག་ཚོ་ཆུང་བྱིས་པའི་དུས་ནས་སློབ་གྲྭར་བཏང་ནས་ཤེས་བྱ་ཡོན་ཏན་སློབ་པ་དང་སྦྲགས་བུ་ཕྲུག་ཚོའི་སློབ་སྦྱོང་དང་འཚོ་བ་སོགས་ལ་ཐུགས་ཁུར་ཆེན་པོ་བྱེད་པ། དུས་རྟག་ཏུ་རང་ཉིད་ཀྱི་བུ་ཕྲུག་ཚོར་བསླབ་བྱ་ཡང་ཡང་བྱེད་པ། འབད་བརྩོན་ཆེན་པོས་ཤེས་ཡོན་ལེགས་པར་སྦྱངས་དགོས་པའི་རེ་བ་ནན་པོ་འདོན་པ་སོགས་གནང་གི་ཡོད། དེར་བརྟེན་ཕ་མ་ཚང་མས་མིག་རྒྱང་རིང་པོས་ཕྲུ་གུ་ཆུང་དུས་ནས་ཤེས་ཡོན་སྦྱོང་བར་མངགས་རྒྱུན་ནི་ཕྲུ་གུའི་འཚར་ལོངས་ཀྱི་གལ་འགངས་ཆེ་ཤོས་ཡིན་གཤིས། ཤེས་ཡོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཀྱིས་བུ་ཕྲུག་ཚོར་ལྟོ་གོས་ཙམ་མ་ཟད། ཤེས་ཡོན་སྦྱོང་བའི་མཐུན་རྐྱེན་བཟང་པོ་སྐྲུན་པ་ནི་གལ་འགངས་ཤིན་ཏུ་ཆེ།
གསུམ། བུ་ཕྲུག་གི་བསམ་བློ་ཀུན་སྤྱོད་སྐོར།
ཁྱིམ་ཚང་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོའི་རྨང་གཞི་ཡིན་ལ། མིའི་ཐོག་མའི་སློབ་གསོ་དང་འཚར་ལོངས་བྱེད་རིང་གི་སློབ་གསོ་ཡིན་པས། ཕྲུ་གུ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་སྐྱོན་བྲལ་འཚར་ལོངས་དང་ཐད་ཀར་འབྲེལ་བ་ཡོད། མ་ཟད་ཁྱིམ་ཚང་ནི་ཕྲུ་གུ་ཐོག་མར་འཚར་ལོངས་ཡོང་སའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཆུང་ཤོས་ཡིན་པས། དེའི་ནང་གི་གོམས་གཤིས་དང་སློབ་གསོ་ལེགས་ཉེས་ཀྱིས་ཁོ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། ཕ་མ་ནི་ཕྲུ་གུའི་དགེ་རྒན་བཟང་ཤོས་ཤིག་ཡིན་ཞེས་པ་ལྟར་ཕ་མས་རང་གི་ཕ་མར་བྱམས་སྐྱོང་དང་བརྩི་བཀུར། དེ་བཞིན་ཕ་རོལ་ལ་ང་རྒྱལ་དང་ཕྲག་དོག་གནོད་སེམས་ཀྱི་བསམ་པ་དོར་ནས་ཡ་རབས་ཚུལ་མཐུན་གྱི་ཕ་མ་ཞིག་གི་མིག་དཔེ་བསྟན་ན། ཕྲུ་གུས་ཀྱང་སྤྱིར་ན་རང་གི་བྱེད་སྟངས་ལ་མིག་དཔེ་ལྟ་ངེས་རེད། མ་ཟད་གཏམ་དཔེར་ཡང་ཟ་སྟངས་སྡོད་སྟངས་འགྲོ་སྟངས་གསུམ། དྲིན་ཅན་ཕ་མའི་བསླབ་བྱ་ཡིན་ཞེས་པ་ལྟར་ཕྲུ་གུ་ནི་ཐོག་མར་འཇིག་རྟེན་འདིར་སླེབས་པ་ནས་རིམ་བཞིན་ཚོར་བ་རྣོ་རུ་འགྲོ་བ་དང་དྲན་ཤེས་བརྟན་དུ་འགྲོ་བ། བློ་རྒྱ་ཆེ་རུ་འགྲོ་བ། བསམ་བློ་གཏོང་ནུས་འཕེལ་བ། བྱ་དངོས་ལ་ཆགས་སྡང་གི་རྣམ་འགྱུར་མངོན་གསལ་དོད་དུ་འགྲོ་བ་སོགས་བརྒྱུད་དགོས་པས་ཆེས་ཐོག་མའི་ཁོར་ཡུག་དེ་ངེས་པར་དུ་ཡག་པོ་ཞིག་སྐྲུན་དགོས།
དེའང་ཁྱིམ་ཚང་སོ་སོའི་འཚོ་བ་སྐྱེལ་སྟངས་དང་ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཐབས་ལམ། དེ་བཞིན་བསླབ་བྱ་དེས་ཐོན་པའི་ཕན་ནུས་མི་འདྲ་བའི་དབང་གིས། བུ་ཕྲུག་ཚོའི་བསམ་སྤྱོད་དང་གཤིས་ཀ་སོགས་ལ་ཡང་ཁྱད་པར་ངེས་ཅན་ཞིག་ཡོད་སྲིད། 《ཁ་ཆེ་ཕ་ལུའི་བསླབ་བྱ》ལས་ཚད་དང་མཐུན་པའི་སྒོ་ནས་བྱ་བ་སྒྲུབ་དགོས་པ་ལས་ཚད་ལས་བརྒལ་ན་མཇུག་འབྲས་བཟང་པོ་མི་ཐོན་པ་བསྟན་ཡོད་དེ། བྱམས་པོ་བྱས་ན་དགྲ་ཡང་གཉེན་དུ་འགྲོ། །རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག །ཅེས་ཕ་མས་ཕྲུ་གུར་སློབ་གསོ་གཏོང་མཁས་པོ་དགོས་པ་ལས། མཐའ་གཅིག་ཏུ་གཅུན་དྲགས་རྒྱུ་མེད་པའི་སྐོར་གླེང་ཡོད། མདོར་ན《ཁ་ཆེ་ཕ་ལུའི་བསླབ་བྱ》ལས་བསྟན་པའི་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་ལ་ངེས་ཤེས་སྐྱེས་པར་བྱས་ནས། བུ་ཕྲུག་རྣམས་བདེ་ཐང་འཚར་ལོངས་ཡོང་བའི་གྲོགས་སུ་འགྱུར་བར་བྱེད་དགོས།