ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གིས་སྨན་བཅོས་རོགས་སྐྱོབ་རྣམ་གྲངས་བཏོན་ནས་ལྷན་སྐྱེས་དཔྱི་ཚིགས་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱས་པ།
ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གིས་སྨན་བཅོས་རོགས་སྐྱོབ་རྣམ་གྲངས་བཏོན་ནས་ལྷན་སྐྱེས་དཔྱི་ཚིགས་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱས་པ།
ལོ་གསུམ་ལ་སླེབས་པའི་བོད་རིགས་བྱིས་པ་བསྟན་འཛིན(ཚབ་མིང)གྱིས་ལག་ཏུ་ད་ལྟ་སྤྲད་མ་ཐག་པའི་རྩེད་ཆས་བཟུང་ནས་པ་ཕའི་པང་ཁར་བསྡད། རང་ཉིད་ཀྱི་དཔྱི་ཚིགས་དང་རྐང་པའི་བཟོ་ལྟར་ལྟ་གིན་ཕན་ཚུན་གྲོས་བསྡུར་བྱེད་བཞིན་པའི་ཧྲང་ཧའེ་ཡི་སྨན་པར་ཡ་མཚན་ཆེ་མདོག་གིས་ལྟ་བཞིན་འདུག ལོ་ན་ཕྲ་བའི་བུ་དེས་གཤགས་བཅོས་ཐེངས་གཅིག་བྱས་པ་ལས་རང་ཉིད་ཀྱི་མི་ཚེར་འགྱུར་ལྡོག་བྱུང་སྟེ། དུས་དེ་ནས་བཟུང་གོམ་པ་འཐེང་པོར་རྒྱག་མི་དགོས་པར་གྲོགས་པོ་ཆུང་ཆུང་གཞན་དག་དང་མཉམ་དུ་དགའ་མཆོང་བྱེད་ཆོག་པ་སྣང་བའི་ཡུལ་ལའང་འཁོར་མྱོང་མེད།
མི་རིང་བའི་གོང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡོང་བའི་དཔྱི་ཚིགས་སྐྱེ་འཚར་ཡག་པོ་བྱུང་མེད་པའི་བྱིས་པ་12ལ་ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་གཤགས་བཅོས་བྱས་པ་རེད།
2013ལོར། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་འཕྲོད་བསྟེན་བོད་སྐྱོར་ལས་བྱེད་པ་དབྱང་ཞའོ་ཏུང་གིས་འབྲོག་ཁུལ་དུ་འཚམས་འདྲི་བྱེད་རིང་། དཔྱི་ཚིགས་སྐྱེ་འཚར་ཡག་པོ་བྱུང་མེད་པའི་ལོ་ཅུང་ཆེ་བའི་བྱིས་པ་མི་ཉུང་བ་ཞིག་ཡོད་པ་ཤེས་རྟོགས་བྱུང་ནས་ལམ་སེང་དེ་སྔའི་ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་ལ་སྙན་སེང་ཞུས་པ་དང་འབྲེལ། “སྐལ་བཟང་མེ་ཏོག་གི་གཅེས་སེམས”DDHནད་ཀྱི་སྤྱི་ཕན་རོགས་སྐྱོབ་རྣམ་གྲངས་ཀྱང་བཙུགས་པ་རེད། 2014ལོ་དང་2015ལོར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་མཉམ་ལས་སྤེལ་རེས་གཞུང་ལས་ཁང་དང་དེ་སྔའི་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་སྔ་རྗེས་སུ་ཆེད་དངུལ་ཐེངས་གཉིས་བཏང་སྟེ། ཞིང་འབྲོག་པའི་བྱིས་པའི་བདེ་ཐང་བརྟག་དཔྱད་རྣམ་གྲངས་དང་DDHནད་ཕོག་པའི་བྱིས་པ་ཁག་གཅིག་ལ་གཤགས་བཅོས་བྱེད་པར་སྤྱད་པ་རེད།
ལོ་10ཡི་རིང་། བོད་ཀྱི་བྱིས་པ་ཁྲི་1ལྷག་ཙམ་ལ་ལྷན་སྐྱེས་དཔྱི་ཚིགས་ནད་ཕོག་ཡོད་མེད་དབྱེ་བཤེར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་ནས་ཡོང་བའི་བྱིས་པ་ཁག་ཐེངས་69ལ་ཧྲང་ཧའེ་རུ་གཤགས་བཅོས་བྱས་པ་རེད། མིག་སྔའི་བར་གཅེས་སེམས་གཤགས་བཅོས་ཀྱི་དཔེ་མཚོན་གྲངས་འབོར་624ཟིན་པ་དེའི་ནང་གཤགས་བཅོས་བྱས་རྗེས་ཀྱི་འཚམས་འདྲིའི་དུས་ཡུན་རིང་ཤོས་ལོ་གསུམ་ལྷག་ཙམ་ཟིན་པ་དང་། བྱིས་པ་ལོ་ཆེ་ཤོས་14ཡིན་ཞིང་། བྱིས་པར་གཤགས་བཅོས་ཡག་པོ་བྱུང་ནས་རྒྱུན་ལྡན་གྱི་མི་དང་འདྲ་བར་འཚོ་བ་སྐྱེལ་བཞིན་ཡོད།
འདི་ལོའི“ལྔ་གཅིག”རིང་ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་མི་བོད་ཀྱི་གྲོང་ཁྱེར་གཅིག་དང་རྫོང་བཞི་སྟེ་གཞིས་རྩེ་གྲོང་ཁྱེར་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་། དིང་རི་རྫོང་བཅས་སུ་དུས་ཡུན་ཉིན་5ཡི་འོས་འགན་སྨན་བཅོས་དང་དབྱེ་བཤེར་བྱེད་པར་བསྐྱོད་ཡོད། ད་ཐེངས་ཧྲང་ཧའེ་རུ་གཤགས་བཅོས་བྱེད་མཁན་དིང་རི་རྫོང་གི་བྱིས་པ་12ཀྱང་འོས་འགན་སྨན་བཅོས་བྱེད་སྐབས་འཕྲལ་མར་གཤགས་བཅོས་བྱེད་དགོས་པ་གཏན་འཁེལ་བྱས་པའི་DDHཕོག་པའི་ནད་པ་རེད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ནད་པའི་ཆ་འཕྲིན་བསྡུ་ལེན་བྱས་རྗེས་འཕྲལ་མར་ཕྲུ་གུ་དེ་དག་ཧྲང་ཧའེ་རུ་གཤགས་བཅོས་བྱེད་པར་བཀོད་སྒྲིག་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཙེ་མིང་ལ་བྱིས་པའི་ཆ་འཕྲིན་འབྱོར་རྗེས། འཕྲལ་དུ་རུ་སྣེ་ཁྲིད་ནས་ཚན་ཁག་ཡོངས་ཀྱི་སྨན་པ་དང་མཉམ་དུ་ནད་དེབ་བལྟས་ཏེ་ཁོང་ཚོའི་དོན་དངོས་གནས་ཚུལ་དང་འཚམ་ཤོས་ཀྱི་གཤགས་བཅོས་ཇུས་གཞི་བཟོས་པ་རེད།
ད་ཆ“སྐལ་བཟང་མེ་ཏོག་གི་གཅེས་སེམས”རྣམ་གྲངས་དེ་ཧྲང་ཧའེ་ཡི་སྨན་བཅོས་བོད་སྐྱོར་བྱ་གཞག་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷན་སྐྱེས་དཔྱི་ཚིགས་ནད་ཕོག་ཡོད་མེད་དབྱེ་བཤེར་གྱི་འབྲེལ་ཡོད་ལས་དོན་ད་དུང་ཡུན་ནན་དང་། ཀུའེ་ཀྲོའུ། མཚོ་སྔོན་སོགས་སུ་ཁྱབ་ཡོད། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་གཞིས་རྩེའི་ཉམས་མྱོང་དེ་དཔེ་མཚོན་པར་གཞི་བཟོས་ནས་ཡུལ་བབ་དང་བསྟུན་ཏེ་ས་ཁུལ་མི་འདྲ་བའི་སྨན་བཅོས་བྱ་ཐབས་བཟོ་ཐུབ་རེ་ཡོད་པ་དང་། ལྷན་སྐྱེས་དཔྱི་ཚིགས་ནད་དབྱེ་བཤེར་དཔེ་མཚོན་དུ་བྱས་ཏེ་ཁ་ཤོ་རྐན་ཤོ་དང་། སྣ་ཤེས་ཉམས་པ། རྣ་ཅོག་ཡ་མ་གཟུགས་སོགས་ལྷན་སྐྱེས་རང་བཞིན་གྱི་ནད་གཞི་དབྱེ་བཤེར་དྲ་བ་དེ་བས་མང་བ་སྐྲུན་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།