ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་10052ལྗོངས་ཕྱིར་ལས་ཞུགས་ཐུབ་པ།
ལོ་ལྔའི་ནང་ཁ་གསབ་སྣ་ཚོགས་མང་ཤོས་ལ་སྒོར་ཁྲི་30ལྷག་ཙམ་ཡོད་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2017ལོ་ནས་བཟུང་ལྗོངས་ཡོངས་སུ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་10052ལྗོངས་ཕྱིར་ལས་ཞུགས་ཐུབ་ཡོད་པ་རེད། “ཕྱིར་སྐྱོད”ལས་ཞུགས་རང་ལྗོངས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཤིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་ལེ་ལག་ཚང་བའི་སྲིད་ཇུས་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་འཚོ་བའི་ཁ་གསབ་དང་། སྡོད་ཁང་ཁ་གསབ། འཁོར་ཞག་གི་འགྲོ་གྲོན། ཁྱིམ་ཚང་འཛིན་པའི་ཁ་གསབ་སོགས་ཀྱི་ཐད་ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིའི་ཁྲོམ་རར་ལས་ཞུགས་བྱས་པར་ལོ་5ཡི་ནང་རིགས་ཁག་གི་ཁ་གསབ་སྒོར་ཁྲི་30ལྷག་ཙམ་ཡོད། མིག་སྔའི་བར། རང་ལྗོངས་ཀྱིས་བསྡོམས་ལྗོངས་ཕྱིའི་སྤུས་ལེགས་ལས་གནས་ཁྲི་11ལྷག་ཙམ་དོན་འཁྱོལ་བྱས་པ་དང་ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་སྒོར་དུང་ཕྱུར་2ཙམ་སྤྲད་ཡོད།
“ང་ཚོས་ལྗོངས་ཕྱིར་འབྲེལ་གཏུག་ཞབས་འདེགས་ས་ཚིགས་18བཙུགས་ནས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་གནས་སྦྲེལ་མཐུད་དང་། སྲིད་ཇུས་བློ་འདྲི། དཀའ་ངལ་སེལ་རོགས། སེམས་ཁམས་ཟུར་ཁྲིད་སོགས་ཕྱོགས་ཡོངས་ཀྱི་ཞབས་འདེགས་ཞུ་གི་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་བསལ་གྱི་སེམས་ཁུར་དང་ཐུགས་ཁུར་བྱེད་ཀྱི་ཡོད”རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཚང་མར་ཁྲོམ་ར་ཅན་གྱི་ལས་ཞུགས་རྟེན་གཞི་2ནས་3བར་བསྐྲུན་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་གི་ཡིན་ཞེས་བཤད།