སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཐབས་སྐོར་ཆེ་ལོང་ཙམ་གླེང་བ།
《ས་སྐྱ་ལེགས་བཤད》ལས། “བློ་ལྡན་རང་གིས་ཤེས་ན་ཡང་། །མཁས་པའི་གཞུང་ལུགས་གུས་པས་བལྟ། །རིན་ཆེན་ཤིན་ཏུ་བཟང་པོ་ཡང་། །མ་བཙོངས་བར་དུ་རིན་ཐང་ཆུང”ཞེས་གསུངས་པ་ལྟར། རང་ཉིད་ལོ་མང་རིང་གཞི་རིམ་དུ་སློབ་གསོའི་གཡུལ་ས་དང་པོར་བོད་སྐད་ཡིག་སློབ་ཁྲིད་ཀྱི་བྱ་བ་དངོས་ལ་ཞུགས་པའི་ཉམས་མྱོང་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཐབས་སྐོར་ཆེ་ལོང་ཙམ་གླེང་བར་འདོད།
དང་པོ། སྐད་ཡིག་ལ་དགའ་ཞེན་བྱེད་པའི་བསམ་པ་གསོ་སྐྱོང་བྱ་རྒྱུ་ནི་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་སྔོན་འགྲོ་ཡིན།
ཚང་མས་མཁྱེན་གསལ་ལྟར། ལོ་ཆུང་བྱིས་པའི་སེམས་ཁམས་ནི་དྭངས་གཙང་གི་སྣོད་གཅིག་དང་ཀུན་ནས་མཚུངས་པར་སེམས་ཉིད་རྙོག་འཛིང་དང་མི་་གཙང་བའི་འདུ་ཤེས་ཀྱིས་མ་སྦགས་ལ། ཧམ་པ་དང་། གཡོ་སྒྱུ། ཕྲག་དོག་དང་ང་རྒྱལ་གྱི་བསམ་སྤྱོད་ངན་པའི་ཤན་གྱིས་མ་འགོས་པར་ཇི་ལྟར་ནག་ནོག་བྲལ་བའི་ཤོག་བུ་དཀར་པོ་ཞིག་དང་འདྲ་བས་ན། ང་ཚོས་བྱིས་པའི་ལྷད་མེད་ཀྱི་སེམས་ཁམས་ལ་ངེས་པར་དུ་སྣང་ཆེན་བྱེད་དགོས། བྱིས་པ་ཚོའི་ངོས་ནས་བཤད་ན། ཕྱིའི་སྤྱི་ཚོགས་ཀྱི་འཚོ་བར་རྒྱུས་མངའ་ཆུང་ལ། ལེགས་ཉེས་བླང་དོར་གྱི་རྣམ་དཔྱོད་ཤིན་ཏུ་ཕྲ། དེ་བས་འཚོ་བའི་ཉམས་མྱོང་ཞན་པ་དང་། བཟང་ངན་ཤན་འབྱེད་ཀྱི་བློ་མིག་ལྡོང་བ་སོགས་ཀྱི་རྐྱེན་པས། བྱིས་པས་རང་གི་མིག་མདུན་དུ་བྱ་བ་གསར་པ་ཅི་འདྲ་ཞིག་མཐོང་བ་དང་། གནས་ཚུལ་གསར་པ་ཅི་འདྲ་ཞིག་ཐོན་པ། མི་སྣ་ཅི་འདྲ་ཞིག་དང་བྱ་དངོས་ཅི་འདྲ་ཞིག་དང་འཕྲད་ཚེ་དེ་དག་ལ་ལེགས་ཉེས་དང་། ཕན་གནོད་ཀྱི་རྟོག་དཔྱོད་མི་གཏོང་བར་རྟག་ཏུ་ཡ་མཚན་དང་དགའ་མོས་ཀྱི་བསམ་པ་ཁོ་ནས་རྗེས་སུ་འགྲོ་བ་ནི་བྱིས་པའི་ལྷན་སྐྱེས་ཀྱི་རང་གཤིས་སུ་གྱུར་ཡོད། དེར་བརྟེན་བྱིས་པས་ནམ་རྒྱུན་རང་གི་ཉེ་འཁོར་གྱི་མི་སྣ་སྟེ་གཙོ་བོ་ཕ་མ་དང་། སྤུན་མཆེད། དགེ་རྒན་བཅས་ཀྱི་རྒྱུན་གཏན་གྱི་བྱ་སྤྱོད་དང་། སྐད་ཆ་ཤོད་སྟངས། ཆས་གོས་གྱོན་སྟངས་སོགས་བྱ་བ་ཆུང་ཙག་ཐམས་ཅད་ལ་དོ་སྣང་དང་ལད་མོ་ཁོ་ན་བྱེད་ཀྱིན་ཡོད། གལ་སྲིད་ངེད་རྒན་རབས་རྣམ་པས་ཆ་ལུགས་ཡ་མ་ཟུང་གཅིག་སྤྲས་པ་དང་བྱེད་སྟངས་སྐྱུག་བྲོ་པོ་ཞིག་བྱས་ན། དེ་དག་ཀྱང་བྱིས་པའི་སེམས་ལ་ཡང་དག་པོར་མངོན་ཏེ། ལད་མོ་བྱེད་རྒྱུ་ནི་ཨ་ཅང་བརྗོད་མེད་ཡིན་པས། ང་ཚོ་མི་རྒན་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ནི་རང་གི་བུ་ཕྲུག་མདུན་དུ་ཚུལ་ལྡན་གྱི་ཆ་ལུགས་བཟང་པོ་ཞིག་སྤྲོས་ཐུབ་པ་དང་། ཀུན་སྤྱོད་བཟང་པོ་ཞིག་བཟུང་ཐུབ་པ། གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱུང་ཚེ། བུ་ཕྲུག་གི་མདུན་དུ་མིག་དཔེའི་གཟུགས་བརྙན་ལེགས་པོ་ཞིག་བསྟན་ཐུབ་ལ། རྣམ་ཀུན་སློབ་མའི་གོམས་འདྲིས་ཀྱི་སློབ་གསོར་མཐོང་ཆེན་བྱས་ཏེ། ཕྲུ་གུ་རྣམས་ཆུང་བྱིས་པའི་དུས་ནས་ཡ་རབས་གུས་ཞབས་ལྡན་པ་དང་། བཟང་པོའི་སྤྱོད་ལམ་སྐྱོང་བར་དགའ་བ་སོགས་རྒྱུན་གཏན་གྱི་བྱ་སྤྱོད་མཐའ་དག་ཚུལ་དང་མཐུན་པ་ཞིག་བྱུང་ཚེ། ངལ་བ་ཆུང་ངུ་ལས་མ་བསྟེན་པར་སྤྱོད་བཟང་དང་། ཚུལ་ལྡན། གོམས་གཤིས་བཟང་བའི་བུ་ཕྲུག་བཟང་པོ་ཞིག་ཏུ་གྱུར་ཐུབ་པ་གདོན་མི་ཟའོ།
དེ་ཡང《སྐྱེས་རབས》ལས། “དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་ན། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་གྱུར”ཞེས་གསུངས་པ་ལྟར། བྱ་བ་གང་དང་ཅི་ཞིག་ཡིན་རུང་དད་མོས་ནི་བྱ་གཞག་དེ་ལེགས་སྒྲུབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། སློབ་མ་རྣམས་ཀྱིས་སྐད་ཡིག་སྦྱོང་བའི་ཐད་ལའང་ཐོག་མར་སློབ་མའི་དགའ་མོས་ཀྱི་བསམ་པ་སྐྱེད་སྲིང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གལ་ཏེ་ཁྱིམ་བདག་དང་སྒོས་སུ་དགེ་རྒན་གྱིས་སྐད་ཡིག་ལ་ལྷད་མེད་ཀྱི་དགའ་ཞེན་མེད་པར། སྣང་ཆུང་དང་ཁྱད་གསོད་ཀྱི་རྣམ་འགྱུར་བཟུང་ན་སློབ་མས་སྐད་ཡིག་གི་རིན་ཐང་ཇི་བཞིན་མི་རྟོགས་པ་དང་། སྐད་ཡིག་སྦྱོང་བའི་གལ་ཆེའི་རང་བཞིན་དེ་བས་ཤེས་ཐབས་བྲལ་ཏེ། ཇི་སྐད་དུ“དགེ་རྒན་སྣབས་ལུད་ཅན་ལ་སློབ་མ་སྣབས་ལུད་ཅན”ལས་ཡོང་རྒྱུ་གཞན་ཅི་ཞིག་ཡོད་ཅེས་གྲགས་པ་ལྟར་རོ། དེར་བརྟེན་རྒན་ལགས་ཚོས་རང་གི་རང་ལ་རེ་བ་ནན་པོ་བཅོལ་ཏེ་སློབ་མའི་རྒྱུད་ལ་ཆུང་དུས་ནས་སྐད་ཡིག་ལ་དགའ་ཞེན་གྱི་བསམ་པ་འཛུགས་སྐྱོང་ཐུབ་པར་འབད་འབུངས་ལྷོད་མེད་བྱེད་དགོས་སོ།
གཉིས་པ། སྐད་ཡིག་སྦྱོང་སྤྱོད་ཀྱི་ལག་ལེན་དངོས་ལ་མཛུབ་ཁྲིད་ཡང་དག་བྱ་རྒྱུ་ནི་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་འགག་རྩ་ཡིན།
སྤྱིར་ན་སློབ་གསོའི་སྤུས་ཚད་ལེགས་ཉེས་ནི་སློབ་གསོའི་བརྒྱུད་རིམ་གྱི་རྩ་བའི་རྒྱུ་རྐྱེན་བཞི་སྟེ། སློབ་ཕྲུག་དང་དགེ་རྒན། བསླབ་གཞི་དང་སློབ་ཁྲིད་བྱ་ཐབས་བཅས་བཞིས་ཐག་གཅོད་པ་ཞིག་རེད། ང་ཚོ་དགེ་རྒན་གྱིས་ཀྱང་དུས་རབས་ཀྱི་རྗེས་བསྙེགས་ཐུབ་པ་བྱས་ཏེ། ཆུ་མོའི་འགྲོས་དང་བསྟུན་ནས་ཀོ་གྲུའི་གཏོང་ཕྱོགས་བྱེད་ཅེས་པའི་དཔེ་བཞིན། སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་གལ་ཆེ། ལྷག་པར་དུ་རྒྱལ་ཡོངས་ཁྱོན་དུ་བསླབ་ཚན་གསར་སྒྱུར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་སློབ་ཁྲིད་ཐབས་ཤེས་ལ་སྙིགས་དོར་བཅུད་ལེན་བྱས་ཏེ་བསླབ་གཞི་གསར་པའི་ནང་དོན་དང་འཚམ་པའི་སློབ་ཁྲིད་ཐབས་ཤེས་གསར་པ་བཀོལ་སྤྱོད་བྱེད་པའི་རྒྱབ་ལྗོངས་འོག་ང་ཚོས་ཀྱང་བློ་ཁོག་ཆེན་པོས་གསར་གཏོད་གསར་སྤེལ་དང་། དུས་བསྟུན་འཕེལ་རྒྱས་བཏང་སྟེ་སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་གང་ཐུབ་བྱེད་དགོས།
དེས་ན་བོད་སྐད་ཡིག་སློབ་ཁྲིད་བརྒྱུད་རིམ་ཁྲོད་སྲོལ་རྒྱུན་གྱི་ཕྱོགས་རེ་བའི་སློབ་ཁྲིད་ཐབས་ཤེས་རྐྱང་པ་ཙམ་ལ་མ་བརྟེན་པར་བསླབ་ཚན་གསར་སྒྱུར་གྱི་དགོངས་དོན་བཞིན་རྣམ་ཀུན་སློབ་ཁྲིད་ཁྲོད་པར་རིས་དང་། ནག་པང་ཆུང་ཆུང་སོགས་གྲ་སྒྲིག་འཐུས་ཚང་བྱས་ཏེ་བཀོལ་སྤྱོད་གང་མང་བྱེད་དགོས་ལ། དེ་བས་ཀྱང་གོ་དཀའ་བའི་ལྐོག་གྱུར་གྱི་ནང་དོན་ཁག་ལ་ཆ་རྐྱེན་ཡོད་ཚེ་སྨྱན་ཆས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་ཚེ་སློབ་མའི་དགའ་མོས་སྐྱེད་སྲིང་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་ཡིག་ལ་འཇུག་པའི་སྤྲོ་བ་འཕེལ་ཐུབ། གཞན་བགྲོ་གླེང་དང་གྲོས་བསྡུར། དཔེ་སྟོན་དང་སྦྱོང་བརྡར། དེ་བཞིན་ཚོགས་ཆུང་ཁག་བགོས་ཀྱིས་བློ་སྒོ་འབྱེད་པའི་འདྲི་གཞིའི་ལམ་ནས་སློབ་ཁྲིད་བྱེད་པ་སོགས་མདོར་ན་སྣ་མང་ཕུན་སུམ་ཚོགས་ཤིང་། འཁྲུག་ཆ་དོད་པའི་སློབ་ཁྲིད་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཚེ། སློབ་མའི་བོད་སྐད་ཡིག་ཉན་བཤད་འབྲི་ཀློག་གི་ཕྱོགས་བསྡུས་ནུས་རྩལ་གོང་མཐོར་གཏོང་ཐུབ།
གསུམ་པ། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་ནི་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་དམ་པ་ཞིག་ཡིན།
ཁ་རྒྱུན་དུ་དཔྱིད་གསུམ་ས་བོན་མ་བཏབ་ན།། སྟོན་གསུམ་འབྲུ་དྲུག་ག་ནས་ཡོང་ཞེས་གྲགས་པ་ལྟར། སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་ཉིན་གཅིག་ཉིན་གཉིས་ཀྱི་དུས་ཐུང་ནང་བསྒྲུབས་ཐུབ་པ་ཞིག་མ་ཡིན་པར། ཡུན་རིང་གི་ཞུན་བརྡར་དང་ངང་སྒུག་གིས་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པས། མིག་སྔར་གཞི་རིམ་སློབ་གྲྭ་ཁག་གི་རྒྱུགས་འབྲས་བཟང་ཞན་གྱི་བྱ་དགའ་ཆད་གཅོད་ཀྱི་སློབ་སྲོལ་སྒྲིག་གཞི་ནན་པོའི་འོག་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་གཞན་པ་ཁྲིད་རྒྱུར་འགོར་འགྱངས་བཟོ་བའི་ངོས་འཛིན་གྱིས་རྩོམ་འབྲིའི་ཤེས་བྱ་ཁྲིད་སྟོན་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་ཕལ་པར་བརྩི་བ་དང་། བོད་སྐད་ཡིག་སྦྱོང་བའི་དམིགས་ཡུལ་ནི་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཐབས་དང་། བོད་སྐད་ཡིག་ནི་བློ་འཛིན་བྱ་རྒྱུ་ཁོ་ན་ཡིན་པར་ངོས་འཛིན་བྱས་ཏེ་སློབ་མའི་ལག་པ་འགུལ་ནས་རྩོམ་ཡིག་འབྲི་བར་ཞུན་བརྡར་མི་བྱེད་པ་མ་ཟད། ཐ་ན་ཡིག་རྒྱུགས་ཁྲོད་ཀྱི་རྩོམ་འབྲིའི་དམིགས་ཡུལ་བསྒྲུབ་ཆེད་སློབ་མ་ཚོར་དགེ་རྒན་གྱིས་བྲིས་པའི་རྩོམ་ཡིག་དཔེ་གཞི་ངག་ལ་ཟིན་དུ་བཅུག་ནས། སློབ་མས་རྩོམ་ཡིག་བཤུ་འབྲི་དང་ལད་ཟློས་ཁོ་ན་བྱེད་པའི་སྣང་ཚུལ་ཡང་མཐོང་ཆོས་སུ་སྣང་།
གནད་དོན་དེས་སློབ་མས་རྣམ་ཀུན་འཚོ་བ་དངོས་ལ་ཟབ་འཇུག་དང་། ལྟ་ཞིབ་བྱེད་པར་བཀག་རྒྱ་ཆེན་པོ་བཟོ་སྲིད་པས། རྩོམ་ཡིག་དངོས་སུ་འབྲི་སྐབས་རྒྱུ་ཆ་མི་འདང་བ་དང་། རྩོམ་ཡིག་ནི་རང་ཉིད་ཀྱི་འཚོ་བ་དངོས་དང་འབྲེལ་བ་དེ་ཙམ་མེད་པའི་དཀའ་ཁག་གི་གནད་དོན་ཞིག་ཏུ་གྱུར། དེ་བཞིན་སློབ་ཁྲིད་པས་ཡིག་རྒྱུགས་སྐར་གྲངས་མཐོ་པོའི་དམིགས་ཡུལ་བསྒྲུབ་ཆེད། སློབ་མའི་ལྟ་ཀློག་གི་ནང་དོན་ཀློག་དེབ་ཁོ་ནར་བཅོལ་བ་དང་། སློབ་མའི་བསམ་བློ་ཡང་སློབ་ཁང་གི་ཤེས་བྱ་དང་། ཀློག་དེབ་ཁོ་ན་ལས་གྲོལ་མ་ཐུབ་སྟབས། སློབ་མའི་རྩོམ་འབྲིའི་ནུས་པ་ཧ་ཅང་སྐྱོ་པོར་ལུས་དོན་ཡང་རྐྱེན་རྩ་དེ་ལ་ཐུག་ཡོད། དེས་ན་སྔོན་ལ་དགེ་སློབ་གཉིས་ཀའི་རང་རྟོགས་བསམ་པར་བརྩི་མཐོང་མི་བྱེད་པའི་བྱ་དགའ་ཆད་གཅོད་ཀྱི་སློབ་སྲོལ་དང་། ཡིག་རྒྱུགས་ལྟེ་བར་འཛིན་པའི་སློབ་ཁྲིད་ལྟ་བར་སྒྱུར་བཅོས་བཏང་ནས། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། ཡང་སྒོས་སུ་སློབ་མའི་རྩོམ་འབྲིའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐུན་རྐྱེན་གང་ལེགས་སྐྲུན་དགོས། དེ་བཞིན་སློབ་མའི་རྩོམ་ཡིག་ལ་གསལ་སྟོན་བྱེད་སྐབས། རྩོམ་ཡིག་གི་སྒྲིག་གཞི། གདམ་གསེས་བྱས་པའི་རྒྱུ་ཆ། ཚིག་སྦྱོར་སྤེལ་སྟངས་བཅས་ཕྱོགས་གསུམ་ལ་མཛུབ་ཁྲིད་བྱེད་དགོས། སློབ་མ་རྣམས་ལ་རྩོམ་འབྲིའི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་བསྣོན་བརྒྱབ་ནས། སློབ་མའི་རྩོམ་འབྲིའི་ཁྲོད་ཀྱི་འགལ་རྐྱེན་མཐའ་དག་བསལ་ནས། ཁོ་ཚོའི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་ནི་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་དམ་པ་ལགས་སོ།
མདོར་ན། བོད་སྐད་ཡིག་འདི་ཉིད་ནི་རིན་ཐང་གཞལ་ཐབས་བྲལ་བའི་བོད་ཀྱི་རིག་གནས་ཀུན་གྱི་གཞི་རྟེན་ཡིན་པས། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཞིབ་འཇུག་དང་། སློབ་སྦྱོང་། ཉམས་ལེན་བཅས་བྱེད་མཁན་མང་དུ་མཆིས། དེར་བརྟེན་ང་ཚོ་དགེ་རྒན་ཚོས་ངེས་པར་དུ་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ལ་མཐོང་ཆེན་བྱེད་དགོས་པར་སེམས། མ་གཞི་ཕྲན་ལའང་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཚུལ་བཞིན་སྒྲུབ་པའི་ཉམས་མྱོང་ཟབ་མོ་མེད་མོད། ལོ་མང་རིང་སློབ་གསོའི་འཐབ་ས་དང་པོར་སློབ་མ་སྐྱོང་བའི་ལས་ལ་ཞུགས་པའི་མྱོང་བ་ཆེ་ལོང་ཙམ་བརྗོད་པ་འདིར་ནོར་འཁྲུལ་གྱི་ཆ་དང་། མ་དག་གནོངས་པའི་ཆ་གང་མང་ཡོད་སྲིད་པས། མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན་དང་། ཀློག་པ་པོ་ཡོངས་ཀྱིས་མ་གསང་སྐྱོན་བརྗོད་ལྷུག་སྩོལ་གནང་རྒྱུའི་འདུན་པ་ཆེའོ།།
(གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སློབ་འབྲིང་དང་པོ། ཟླ་ནོར)